R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༤༧
[A:༡༤༧]ཕེབས་ཏེ། བླ་མ་བསོད་ནམས་རབ་རྒྱས་སོགས་ལ་སྒྲུབ་ཐབས་བརྒྱ་རྩ། ཀུན་རིག་ཚེ་དཔག་མེད། རྣམ་འཇོམས། ལྷ་བརྒྱད། དཀར་བདུད་རྗེས་གནང། གཏོར་མ་བརྒྱ་རྩ། ཆབ་ཀླུ། འཕོ་བ་སོགས་ཀྱི་ལུང་གནང་ཞིང། བླ་མ་བསོད་ནམས་རབ་རྒྱས་ཁམས་ཕྱོགས་འབུལ་དཔོན་དུ་བསྐོས། དེ་ནས་མོན་ཕྱོགས་སྐུ་ཚབ་རྣམས་འབྱོར་བའི་སྟབས། ཁྲུམས་ཟླའི་ཉེར་བརྒྱད་ལ་ཆིབས་ཁ་བསྒྱུར་ཞིང་རིམ་གྱིས་ཕག་རིར་ཕེབས། རྒྱལ་ཟླའི་ཚེས་བཅོ་ལྔ་ལ་སྤྲེལ་མོའི་ལ་རྩ་བྲག་སྟོད་རྒོད་པོར་གཞུང་འབྲུག་གི་སྐུ་ཚབ་རྣམས་འཛོམས་ཉིན་ཆོད་ཡིག་ཐེབས་ནས་གཞུང་འབྲུག་གཉིས་ནས་ཆིངས་ཁག་ཞལ་ངོ་ཐུན་མོང་དུ་ལེགས་སོ་རྒྱ་ཆེར་ཕུལ། ཉི་ཤུ་ལ་ཕག་རིར་ཕེབས། ཉེར་གཉིས་ལ་གདན་སར་ཆིབས་ཁ་བསྒྱུར། རྒྱ་རོང་བརྒྱུད་གུར་པ་གྲྭ་ཚང་གི་སེར་ཕྲེང་སོགས་ཀྱིས་བསུས་ཏེ་ཞག་གཉིས་བཞུགས། ཞ་ལུ་པ་ཆེན་པོ་དང་མཇལ་ཞིང་འཇམ་དབྱངས་དམར་སེར་གྱི་རྗེས་གནང་སྩལ། ཞ་ལུ་པ་ཆེན་པོས་ཚེ་དབང་ལྕགས་སྡོང་མ་དང། བརྟན་བཞུགས་འབུལ་བར་མཛད་དེ་རིམ་གྱིས་རྣམ་རྟ་ཆེན་སོགས་བརྒྱུད་གདན་སར་ཕེབས་སྐབས་ཞལ་ངོ་རྣམས་ཀྱིས་ཕེབས་བསུ་སེར་ཕྲེང་སོགས་མཛད། ས་ལུག་རྟ་ཟླའི་ཚེས་གསུམ་ལ་ཕོ་བྲང་ལྷུན་རྩེར་ཕེབས་ནས་