[A:༡༥༡]འདུས་ཚོགས་སུ་སེར་ཇ་སྦྱོར་སྦྲེལ། འབྲས་ཚ་དམ་རྫས་དང་དངོས་པོའི་འགྱེད་སྤམ་མཐོ་བ་སོགས་སྩལ། ཚེས་བཅུ་བཞི་རོང་སྟོན་གྱི་དུས་ཆེན་ལ་མང་ཇ་འཐེབ་གཏོང་དང་། ཉེར་གསུམ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མགོ་འཛུགས་གནང་བའི་ཆོས་རྗེ་བཅོ་བརྒྱད་པ་སོགས་གཞིར་འཞུགས་དང་། ཕྱོགས་གྲྭ་གྲུབ་མཐའ་རིས་སུ་མ་ཕྱེད་པ་ལྔ་བརྒྱར་ཉེ་བ་ཞིག་ལ། ཟླ་བ་ཕྱེད་གསུམ་གྱི་ཁོངས་སུ་གསུང་ངག་གྲུབ་པར་སྩལ། བསྙེན་རྫོགས་བརྒྱད་ཅུ་སྐོར་དང་། རབ་བྱུང་ཉི་ཤུ་སྐོར། མི་དམངས་སེར་སྐྱ་སྟོང་ཚོ་གསུམ་དུ་ཉེ་བར་སྤྱི་དབང་ཚེ་བཀའ་རྩ་གསུམ་གྱི་དབང་། ལེའུ་བདུན་མ། དཀོན་མཆོག་སྤྱི་འདུས་སོགས་དང་། བསྙེན་གནས་ཀྱི་སྡོམ་པ་འབོགས་པ་སོགས་ཆོས་དང་ཟང་ཟིང་གི་སྒོ་ནས་སོ་སོའི་བློའི་རྫིང་བུ་ཡོངས་སུ་འགེངས་པར་མཛད། དེ་ནས་དཔལ་ལྡན་རྩེར་ཕེབས། ཞག་གསུམ་རིང་གསུང་བསྐང་འཕྲིན་བཅོལ་སྨིན་རྒྱས་དང་། གཉན་མགོན་དངོས་དང་མཚུངས་པའི་སྐུ་དེ་དབུ་སྔས་སུ་སྤྱན་དྲངས་ནས་འཕྲིན་བཅོལ་སྨིན་རྒྱས་སུ་གནང་བར་ཐུགས་བཞེད་འགྲུབ་པའི་མཚན་མ་མངོན་དུ་གྱུར་ཀྱང་སྣོད་མིན་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས་སུ་ལའང་མ་འཆད་གསུང་། དེར་སེར་སྐྱ་ཕོ་མོ་སྟོང་ཕྲག་གསུམ་དུ་ཉེ་བར་ཚེ་དབང་གྲུབ་རྒྱལ་མ་དང་། ཁ་ཤས་ལ་