R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༥༢
[A:༡༥༢]ལྕགས་སྡོང་མ་སོགས་གནང་སྟེ་དེ་ཕྱོགས་ཀྱི་སྐྱེ་རྒུ་རྣམས་ཕན་བདེ་ལ་བཀོད། བཅུ་བཞིར་ནཱ་ལེན་དྲར་ཕེབས། བཅོ་ལྔའི་ཉིན་ཆོས་སྐྱོང་རྣམ་གཉིས་སྐུ་ཕེབས་ཞུས་པར་ལེགས་ཉེས་ཀྱི་ལུང་བསྟན་འགའ་ཞིག་དང་། ཕྲལ་དུ་གདན་སར་ཕེབས་པ་ལེགས་ཚུལ་བྱུང་བས་གོང་ས་རྩེ་ཤོད་དུ་གསུང་ངག་སོགས་འདི་སྐོར་གྱི་འཛིན་སྐྱོང་རྣམས་གྲུབ་ཅིང་ད་ཆ་ལྷོ་ཁ་བརྒྱུད་གདན་སར་ཕེབས་བཞེད་སོགས་ཀྱི་ཞུ་ཡིག་ཕུལ་བར། རྩེ་ཤོད་ནས་ཀྱང་དེ་བཞིན་གནང་ཆོག་པའི་ཐུགས་དམ་དང་། གོང་དཀར་རྫོང་ནས་ཟུར་ཆས་གཏོས་ཆེན་གནང་བའི་བཀའ་འཛིན་བཅས་གཟབ་རྒྱས་སྩལ། རྩེ་གདོང་ནས་ཕེབས་བསུ་བ་རྣམས་ཀྱང་འབྱོར། མགོན་ཁང་སོ་སོར་ལམ་གཏོར་རྒྱས་པ་དང་། ཁྱད་པར་མགོན་ཁང་ཆེན་མོའི་སྐུ་ལ་འདི་བཞེས་ཤིག་གསུངས་ནསཁ་བཏགས་ཞིག་འཕངས་པ་གནང་བ་སྙན་གཡས་པར་བཞེས། བསྟན་འགྲོའི་དོན་དུ་འཕྲིན་བཅོལ་རྒྱ་ཆེན་མཛད། རྟ་ཟླའི་ཉེར་གསུམ་ལ་ནཱ་ལེནྡྲ་ནས་ཆིབས་བསྒྱུར། བཅོ་བརྒྱད་དུ་གདན་འདྲེན་ཞུས། རྒྱལ་དབང་མཁྱེན་གཟིགས་ཆེན་པོས་མཛད་པའི་བརྟན་བཞུགས་འོད་གསལ་མ་འབུལ་བའི་རྟེན་འབྲེལ་དུ་བཀྲ་ཤིས་ཁ་བཏགས་ཀྱི་གཙོས་དགུ་ཚན་གསུམ་ཕུལ། བསྙེན་བཀུར་གྱ་ནོམ་པ་མཛད། དེ་ཉིན་ནཱ་ལེནྡྲའི་ཆོས་གྲྭར་ཡང་