R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༥༥
[A:༡༥༥]མཇལ་ཡང་ཡང་བྱེད་འོན་ཀྱང་ད་ནས་དགེ་བཤེས་རང་གིས་ངེས་པ་ལྟར། གུར་དྲག་གི་ལས་ཚོགས་ནི་བཙན་པོ་དང་ཆོས་རྒྱུན་ཆད་འགྲོབ་ལ་ཐུག་ན་མ་གཏོགས་བཞག་ན་འགབ་འདུག་ འདི་བཞག་ཕྱིན་གདུག་འདྲེས་ཀྱང་བཀའ་དང་མི་འགལ་བའི་ཕྲིན་ལས་སྒྲུབ་ཅིང་ངོས་མཇལ་ཀྱང་བྱེད་དོ་གསུང་། སྐུ་ཕེབས་རྟིང་མའི་ཐོག་ལྷ་དུང་གསེར་ཤོག་མ་ཤིན་ཏུ་ལེགས་པ། བ་དན་དར་ལྕེ་དང་བཅས་པ་བརྟེན་པའི་དམ་རྫས་སུ་ཕུལ། བཀུར་ཟོས་ཁྱད་པར་ཅནཕུལ་ལོ། དེར་འདུས་ཚོགས་ལ་འཇམ་དབྱངས་དང་ཕྱག་རྡོར་གྱི་རྗེས་གནང་སོགས་བདོད་ཆོས་དང་བསམ་ཡས་སུ་བཞུགས་རིང་ནང་རེར་མང་ཇ། དམ་རྫས། དངོས་འགྱེད་སོགས་གྱ་ནོམ་པ་གནང་། བཀའ་འགྱུར་མ་ཎི་འཁར་ལོ་ལྟར་བསྐོར་ཆོག་པ་རྣམས་ལ་ཕྱག་ནས་མཛད། ཚེས་བཞིའི་ཉིན་མཆིམས་ཕུའི་གནས་གཟིགས་ལ་ཕེབས། སྣེ་ཤན་པར་ཀོང་པོའི་གྲྭ་པ་རྒྱུས་ཡོད་ཞིག་གིས་བྱས། རྗེ་ཉིད་ནས་ཀྱང་འདི་འདྲ་ཞིག་ཡོད་འདུག་པ་དེ་ག་ན་ཡོད་པ་སོགས་སྔོན་གནས་རྗེས་དྲན་ཚུལ་དུ་མཇལ། བྲག་དམར་ཀེའུ་ཚང་དུ་བྱ་དམར་ཁྲ་ཞིག་སྐད་སྣ་ཚོགས་སྒྲོག་པ་ལ་རྗེ་ཉིད་ནས་ཀྱང་བྱ་འདི་ཅི་ཟེར་སྙིང་རྗེ་སྡུག་གི་གསུང་། སྐུ་འཁོར་རྣམས་ལ་བྱ་སྐད་མང་བ་