[A:༡༥༦]ཞིག་འདུག་སྙམ་པ་ལས་རྟོག་པ་མ་བྱུང། ཕྱིས་བརྟགས་པས་འོག་ཏུ་བཤད་པ་བཞིན་བསེ་ཁྲབ་ཅན་ཡིན་འདུག། ཚེས་ལྔ་དྲུག་ལ་བསམ་ཡས་མཐིལ་གྱི་ལྷ་ཁང་དབུ་རྩེ་ནས་བཟུང་གནས་གཟིགས་ཕྲོས་རྣམས་དང་། ཡང་སྐྱར་མཇལ་བར་མཛད། ཚེས་བདུན་གྱི་ཉིན་ཆིབས་ཁ་བསྒྱུར་ཏེ་སྔར་གྱི་ཕེབས་བསུ་བ་རྣམས་ཀྱིས་ཕེབས་སྐྱེལ་ཟུར་མཁར་རྡོ་མཆོད་བར་ཞུས། དེར་མཆོད་རྟེན་རྣམས་ལ་ཞབས་རྐོར་དང་ཐུགས་སྨོན་མཛད། ཕེབས་སྐྱེལ་བ་རྣམས་དད་རྟེན་དང་བདོག་པའི་དངོས་པོས་མགུ་བར་མཛད་དོ། །དེ་ནས་བྱེ་རྫིང་ཚོགས་པའི་ཕེབས་བསུ་བ་རྣམས་དང་བཅས་བྱེ་རྫིང་ཚོགས་སུ་ཕེབས། བླ་མ་གྲྭ་ཚང་བཅས་ཀྱིས་འབུལ་བ་རྒྱ་ཆེའི་མཆོད། སེར་སྐྱ་ཕོམོ་སྟོང་ཕྲག་ལྔར་ཉེ་བ་ལ་ཚེ་དབང་ལྕགས་སྡོང་མ། གཞན་ཡང་སྤྱི་ཆོས་སྒོས་ཆོས་སོགས་ཆོས་དང་ཟང་ཟིང་གཉིས་ཀས་ཚིམ་པར་མཛད། རྣམ་སྲས་སྒྲུབ་མཆོད་ཀྱི་ཞལ་འདེབས་སོགས་ཀྱང་སྩལ། སྐྱེ་བོ་ཕོ་མོ་སྐྲ་ཕུད་འབུལ་བ་མང་དུ་བྱུང། ལྕོག་ལ་རབ་གནས་སོགས་གནང་། ཚེས་བཅུའི་ཉིན་སྔར་གྱི་ཕེབས་བསུ་བ་རྣམས་དང་བཅས། གྲྭ་ཐང་ཕྱོགས་སུ་ཕེབས་དེར་ཕེབས་བསུ་སེར་ཕྲེང་སོགས་ཀྱིས་བསུས་ཏེ། ཆོས་འབྲེལ་མང་འགྱེད་གནས་གཟིགས་སོགས་མཛད་ནས་གདུང་ཕུད་ཆོས་འཁོར་དུ་ཕེབས། བསྙེན་བཀུར་འབུལ་བ་དང་བཅས་ཞབས་