R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༦༦
[A:༡༦༦]བརྟན་ཕུལ། སྣོན་ཟླའི་ཚེས་ལྔ་ལ་ལྷུན་ཙེའི་བདེ་ཡངས་སུ་གྲུབ་རྒྱལ་ལུགས་ཀྱི་ཁྲོམ་དབང་སྩལ། ཆུ་སྟོད་ཚེས་ལྔ་ལ་སྲིད་གསུམ་སློབ་དཔོན་བསླབ་གསུམ་བསྟན་འཛིན་སོགས་ལ་ཕུར་པའི་སྟོད་ལས། གཞན་ཡང་སྲིད་གསུམ་རྣམ་རྒྱལ་གྲྭ་རིགས་རྣམས་ལ་གང་འདོད་ཀྱི་རྗེས་གནང་ལུང་སོགས་སྩལ། ཁྲུམས་ཟླའི་ཚེས་བཅུ་གཉིས་ལ་མངའ་ཁུལ་གྱི་བཟོ་བོ་རྣམས་ཀྱིས་བསྐལ་བརྒྱར་བཞུགས་པའི་རྟེན་འབྱུང་ཕུལ། མེ་ཏོག་ཆར་པ་འབབ་པའང་འགའ་ཞིག་གིས་མཐོང་། དབྱུག་ཟླའི་ཚེས་ལྔ་ལ་ཉིད་ཀྱི་གཟིམ་དཔོན་བཀྲ་ཤིས་མཚུངས་མེད་ཀྱི་གསོལ་བ་བཏབ་ནས། མངའ་ཁུལ་གྱིས་གཙོས་ཐོབ་རྒྱལ། པ་རྣམ་ཚུན། ཤངས་རྣམ་གླིང་མན་གྱི་སྐྱེ་འགྲོ་སེར་སྐྱ་ཁྲི་ཚོར་ཉེ་བ་ཞིག་ལ་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་བཀའ་ཞིག་སྩལ། དེའི་སང་སྐུའི་གཅུང་རྒྱན་མཆོག་རིན་པོ་ཆེའི་གཙོས་མཆོག་དམན་སྔ་བརྒྱ་ཙམ་ལ་དྲིལ་སྒྲུབ་སྩལ། གཟིམ་དཔོན་ནས་འབུལ་བ་དགུ་ཚན་གཉིས་དང། བདུན་ཚན་བཅས་ཕུལ་བར་རྗེ་ཉིད་ནས་ཏིང་ཤགས། གསོལ་སློག་མཆོད་འཕྲོ། རས་དར་སོགས་ཚན་གྲངས་གནང་བར། འདི་འདྲ་མི་ཞུ་འདི་ནས་ཞུས་ནས་གང་དུ་འབུལ་ཞུས་སོང་བར། ནན་ཆགས་ལེན་དགོས་ཚུལ་ཕེབས། ཏིང་ཤགས་དང་གསོལ་སློག་ཞུས། རས་དར་ཕུལ།