R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༦༨
[A:༡༦༨] རྣམས་ལ་ཚེ་དབང་ལྕགས་སྡོང་མ་དང་། བསྙེན་བཀུར་རྒྱས་པར་གནང་ཞིང་། རྡོར་ཕྲེང་དབང་ཆས་དང་ཕྱག་དཔེ་སོགས་གཡར་པོར་སྩལ། མག་ཟླའི་ཚེས་ལྔ་ལ་ཆོས་སྐྱོང་གི་ལུང་བསྟན་དུ་བྱུང་བ་བཞིན་འདུས་ཚོགས་ནས་བསྐལ་བརྒྱར་ཞབས་པད་བརྟན་པར་གསོལ་བ་བཏབ། སྐུ་མཚམས་ཞག་བདུན་གནང་། དྲུག་ཅུ་པའི་ཚོགས་དབུར་ཕེབས། རྒྱལ་ཟླའི་ནང་རྗེ་ཉིད་དང་གཅུང་རྒྱན་མཆོག་རིན་པོ་ཆེ་བཅས་ནས་དུས་ཀྱི་གཏོར་སྤོད་རྣམས་མཛད། དེ་ནས་ཆུ་ཁྱི་རྟ་ཟླའི་མགོར་ངོར་ཁང་གསར་དབོན་པོ་བསོད་ནམས་ཕུན་ཚོགས་སོགས་ལ་དྲག་པོ་མཐིང་ཁའི་སྐུ་གསུང་ཐུགས་དབང་། ཕུར་པ་ས་ལུགས་དབང་། རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་གནང་། ཡང་གཅུང་རྒྱན་མཆོག་རིན་པོ་ཆེ་སོགས་ལ་ཐུགས་སྒྲུབ་དྲག་པོ་མཐིང་ཁའི་དབང་གནང། དེ་ནས་ནཱ་ལེནྡྲའི་གྲྭ་རྒྱུན་འགའ་དང་གཞིས་གྲྭ་འགའ་ཞིག་དང་དྲེད་གདན་ས་བསོད་ནམས་གཞན་ཕན་གྲྭ་སློབ་རྣམས་ལ་རབ་བྱུང་བསྙེན་རྫོགས་དང་། སྲིད་གསུམ་སློབ་དཔོན་བསླབ་གསུམ་བསྟན་འཛིན་ལ་པུ་ཏྲའི་ཟུར་བཀའ་དང་བྲན་བདུད་རྗེས་གནང་སྩལ། གྲགས་པ་ཟླ་དབང་། མཆོད་དཔོན་བཀྲ་ཤིས་ཆོས་འཕེལ་སོགས་ལ་གཤེད་དམར་ལྷ་ལྔའི་དབང་སྩལ། བླ་མ་མ་ཎི་བ་སོགས་ལ་ཐུགས་རྗེ་