R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༧༧
[A:༡༧༧]མེད་པར་བྱང་ཤར་ལ་གཟིགས་ནས་ཕྱག་སྨོན་དུ་མ་མཛད། གོ་ར་ལྕགས་འཕྲང་གདོང་ཉིན་གྱི་ཁྲུས་སྒོར་སྐུ་ཁྲུས་དང་། གསོལ་འདེབས་རྒྱས་པར་གནང་སྐབས་ནམ་མཁར་སྟས་བཟང་སྣ་ཚོགས་ཀུན་དང་བ་འདྲེན་པ་བྱུང་། དེ་ནས་བཀྲ་ཤིས་དོ་བོ་ཆེར་ཕེབས། སློབ་དཔོན་གྱི་གཟིམ་ཕུག་ས་སྐྱ་ཕུག་ཅེས་གྲགས་པའི་མདུན་ན་ཞབས་རྗེས། བྲག་ལ་ཚེ་བུམ་རང་བྱོན། ཚེ་ཆུ་སོགས་ཕུག་པ་དང་། ཕྱག་རྗེས་ཞབས་རྗེས་དུ་མ་ཡོད་པ་མཇལ། རི་སྦོབ་བྲག་ན་ཕྱག་རྗེས་ཡོད་པ་འདི་གནས་བཤད་པས་ཀརྨ་པའི་ཕྱག་རྗེས་ཡིན་ཞུས་པར། གསུང་ལས་ང་ནི་སློབ་དཔོན་གྱི་ཕྱག་རྗེས་སུ་ངོས་འཛིན་གསུངས་ནས་སྨོན་ལམ་མཛད། ཁྲུས་སྒོའི་རྩར་ཕེབས་ནས་གསོལ་འདེབས་ལེའུ་བདུན་མ་དང་། ཕྱག་མཆོད་མཛད། མཚོ་ལ་ཕྱག་རྗེས་ལན་བཞི་གཟིགས། གཡོན་གྱི་ཕྱག་རྗེས་ཡིན་འདུག་གསུངས། རྡོ་རྗེ་ཕག་མོ་དང་དཀྱིལ་འཁོར་དུ་མ་གཟིགས། དེ་ནས་ཞང་སྣའི་གཞུང་དུ་སྐྱེ་བོའི་ཚོགས་ལ་ཚེ་དབང་ལྕགས་སྡོང་མ་དང་སློབ་དཔོན་གྱི་བླ་མའི་རྣལ་འབྱོར་གནང་། དེ་ནས་ཁོང་ཁྱིམ་མདོར་བྲའུ་རྡོ་རྗེ་རྣམ་རྒྱལ་སོགས་ཀྱིས་མཆོད། བསྔོ་བ་རྒྱས་པར་མཛད། ལ་རྒན་ལ་རྩར་ཕེབས་པ་ན་གཞི་བདག་རྣམས་འཕྲང་ནས་རྩུབ་འགྱུར་ཆེ་བར་ཕུར་པའི་བསྐྱེད་རིམ་མཛད་པས་སྲོག་སྙིང་ཕུལ་ནས་བྲན་དུ་ཁོལ། རམས་སྡིངས་མ་དང་བྲག་དཀར་བ་སྟེ་དགེ་