R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༨༣
[A:༡༨༣]སྤྲོད་གསུང་བྱུང་བས་ཁྱེད་རྣམས་འགྲོ་དགོད་ཡོད་དོ་ཟེར་བས་ཁོང་ཚོའི་སེམས་ལ་གོང་མ་ལྷུན་རྩེར་བཅད་རྒྱ་གནང་ཡོད་གང་ཡིན་ནམ་སྙམ་ནས་ཕྱིན་པས་། གཏེར་ལུང་དུ་འབྱོར་བསྟུན་གོང་མ་བཅད་རྒྱ་གྲོལ་བ་དང་སྟབས་མཚུངས་བྱུང་སྟེ་མཇལ་ཕྱག་ཞུས་པས་གསུང་ལས། རྩེ་གདོང་ནས་ཡོང་མི་འདྲ་ཨེ་འདུག་ངེད་ལ་ཆས་འདྲ་སྐྱེལ་རྩིས་ཡིན་པས་ད་དུང་མ་བྱུང་། ཕྱག་མཛོད་རྣམས་ཀྱིས་ངེད་ལ་ལྟོ་ཆད་གཏོང་རྒྱུ་ཡིན་པ་འདྲ་ཞེས་གསུངས་ཤིང་། ཁོང་ཚོའི་ཆས་འཕྲོས་ཡོད་པ་རྣམས་ཕུལ་བས་ཤིན་ཏུ་མཉེས། ཚང་མས་ལྷན་ཅིག་ཟབ་བུ་མཐིལ་མཇལ་བར་ཕེབས་དུས་གཏིར་སྟོན་བདུད་འདུལ་གླིང་པ་རྡོ་རྗེ་གྲོ་ལོད་རྩལ་དང་མཇལ། སྒྲུབ་གླིང་གོང་དུ་གཏེར་སྟོན་དཔོན་གཡོག་ཚང་མ་གདན་འདྲེན་ཞུས་ཏེ་གསོལ་ཇ་ཞིག་གི་ཐོག་གཏེར་སྟོན་ནས་ཕྲེང་བ་བྱིན་རླབས་ཞིག་ཞུས་ཤིང་། དེ་ནས་གཏེར་སྟོན་དཔོན་གཡོག་རྣམས་ཀྱིས་ཟབ་བུ་ཤིན་ཏུ་ཞིབ་པར་མཇལ་སྐབས་གནས་རྟེན་རྣམས་ཀྱི་བཤད་པ་སྐུ་གཉེར་ལ་མེད་པ་ཀུན་ཀྱང་། ཞབས་དྲུང་གོང་མ་ཉིད་ནས་དྭངས་གསལ་འཁྲུལ་ཟད་དུ་གནང་བས་ཀུན་ངོ་མཚར་ཤིང་། ཉིི་མའང་ལྡབ་འགྱུར་གྱི་རིང་བ་བྱུང་འདུག་པས། དེར་ཡོད་ཚང་མས་མགྲིན་གཅིག་པར་བླ་མ་ནམ་མཁའི་སྙིང་པོོའི་རྣམ་པར་སྤྲུལ་པ་ཡིན་པས་བཟུང་བ་ཡིན་འདུག་ཟེར་བ་སོགས་ངེས་དོན་གྱི་དད་