R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༨༢
[A:༡༨༢]རུ། རིགས་གསུམ་མགོན་པོ། ཀྱཻ་རྡོར། ཕུར་བ། ཡང་དག་མི་གཡོ་བ། སྒྲོལ་མ། གཙུག་ཏོར་རྣམ་རྒྱལ། གདུགས་དཀར། མགོན་པོ་ལ་སོགས་པའི་གཟུངས་སྔགས་མང་དུ་བརྐོས། གཞན་ཡང་དཔོན་གཡོག་སེར་སྐྱ་ཚང་མའི་སྐུ་གསུང་ཐུགས་ཀྱི་རྟེན་ཏུ་མང་བར་བརྐོས་པའི་ཡ་མཚན་དུ་བྱེད་པ་བྱུང་བ་ཡང་རྗེ་ཉིད་ལ་ཆོས་སྲུང་རྣམས་ཀྱིས་རྡོ་གཏེར་ཕུལ་བ་གདོན་མི་ཟ་ཞིང་། རྡོ་བརྐོས་གཉིས་ལ་ཡང་གནང་སྦྱིན་མགུ་བར་སྩལ་ལོ། ། དེ་ཡན་གྱི་ཐུབ་བསྟན་པ་བྱམས་པ་ལྷུན་གྲུབ་ཀྱིས་མཛད་པའི་རྗེ་འདིའི་རྣམ་ཐར་ལེ་ཚན་གསུམ་ལས་འབྱུང་བ་བཞིན་བསྟན་ཟིན་ནས་དེའི་འཕྲོ་ནི། དེ་དུས་ཕྱག་མཛོད་མཚུངས་མེད་དང་། ཆོས་དཀར་གཉིས་ཀྱི་ཐོག་སྐབས་ཤིག་ཁྲི་ཆེན་གོང་མ་ཉིད་ཀྱི་ཞབས་ཕྱིར་རུ་གཉེར་རྡོ་རྗེ་ལྷུན་གྲུབ་ཁྲིད་དེ་དཔོན་གཡོག་གཉིས་ཀྱིས་ལྷུན་རྩེར་བཅད་རྒྱ་མཛད་ཡོད་ཚུལ་གྱི་ཟབ་ཕུ་མཇལ་བར་གསང་སྟབས་ཀྱིས་ཕེབས་ཟབ་བུ་གཏེར་ལུང་དུ་སྒྲུབ་པ་མཛད་སྐབས་གསོལ་ཆས་རྣམས་ཤིན་ཏུ་བཀྲེན་པར་བྱུང་མུས། རིན་སྒང་གི་གྲྭ་པ་གསུམ་ཙམ་ཞིག་གི་ཟབ་བུ་མཇལ་བར་ཕྱིན་པས་ཁོང་རྣམས་ཟབ་བུ་མཐིལ་དུ་འབྱོར་བསྟུན་ཟབ་བུ་མཐིལ་པ་རྣམས་ཀྱིས། རྩེ་གདོང་གོང་མ་གཏེར་ལུང་ན་སྐུ་མཚམས་ལ་བཞུགས་ཡོད་པས་རྩེ་གདོང་པ་འདྲ་བྱུང་ཚེ་གཏེར་ལུང་དུ་ཤོག་ཞེས་ལོན་