[A:༡༨༦]ཅིས་ཀྱང་བབས་པ་འགྲོ་གསུངས་པར་མགྲོན་གཉེར་ཚངས་པས་དོ་ནུབ་ཐང་ཡང་ཆད་ཅིང་ཚང་མས་འགྲོ་མི་ཐུབ་ཁྱེད་རང་རྣམས་འབྱོན་ན་ཡང་ང་ནི་འདི་གར་སྡོད་ཞེས་ཞུས་པར་བརྟེན་དེ་ནུབ་དེར་བཞུགས་པས། ཁ་བ་ཉིན་མཚན་སྦྲེལ་བར་བབས་ཏེ། དཔོན་གཡོག་རྣམས་ཕར་ཚུར་གར་ཡར་ཕེབས་མ་ཐུབ་པར་ཞག་ཤས་དེ་ཁར་བཞུགས་པ་འབྲས་ལྗོངས་ཁ་སྟོད་པ་རྣམས་ཀྱིས་ཤེས་ནས་གཡག་མང་པོ་དང་བཅས་ཕེབས་ལམ་བཅགས། སླར་ཡང་འབྲས་ལྗོངས་གཏིང་ལ་ཕེབས་ཏེ་གནས་བརྟན་མཐའ་དག་ཞིབ་གཟིགས་གནང་རྗེས་དཔོན་གཡོག་ཕལ་ཆེར་ཚད་པས་བསྙུང་ཞིང་། གོང་གི་ཞབས་ཕྱི་རྣམས་དང་བན་ཚང་པ་གསུམ་ཙམ་མ་གཏོགས་ཕྱིར་ལོག་ཡོང་ཉེའི་སྐབས་ཆོས་སྐྱོང་ཙེ་དམར་བ་ཐོག་ཕེབས་བྱུང་སྟེ་གསོལ་ཇ་ཞལ་དཀར་གང་མཆོད་ནས་ཞལ་དཀར་ཁ་བུབ་ཏུ་བཞག ཆོས་སྐྱོང་ཉིད་ཤིན་ཏུ་མྱ་ངན་དང་བཅས་དགེ་བཤེས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་དགོངས་པ་གཏད་སོང་བས་གདུག་འདྲེའང་རེ་ཞིག་ཞབས་ཕྱིར་འགྲོ་རྒྱུ་ཡིན་པས་ཁྱོད་ཚང་མས་དགེ་བཤེས་ཀྱི་སྐུ་ཆས་རྣམས་བོར་ཟེགས་སུ་མ་སོང་བར་གདན་སར་འབྱོར་བ་མ་བྱས་ཚེ་གདུག་འདྲེས་རྟ་པའི་ཉིན་ལམ་བཅོ་བརྒྱད་ཀྱི་ས་ནས་བལྟས་པའི་ཚར་གཅོད་པ་ཡིན་ནོ་ཞེས་གསུངས་ཤིང་མཐར་དགུང་གྲངས་ལྔ་བཅུ་ང་གཉིས་སུ་ཕེབས་པ་ཁྱི་ལོ་ཟླ་བ་དྲུག་པའི་ཚེས་བཅུའི་ཉིན་ངོ་