R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༩༥
[A:༡༩༥]ཆེན་ཉིད་ཀྱིགསུངས་ལས་ད་ཚ་བོ་རང་ཡང་ངའི་ཙར་ཤོག་རྩེ་བདོང་དུ་བསྡད་ཚེ་སྐྱིད་པོ་མི་ཡོང་ཞེས་གསུངས་པའི་མུར་མནལ་བསད་ཕུལ་གདུང་དབྱངས་འདི་ཡང་མཛད་དོ། ། ན་མོ། བསོད་ནམས་ཡེ་ཤེས་ཚོགས་གཉིས་རྒྱ་མཚོའི་གཏེར། ། བསྟན་འཛིན་གཙུག་རྒྱན་ཡིད་བཞིན་ནོར་བུ་ཆེ། །དབང་གི་རྒྱལ་པོ་འགྲོ་བའི་མགོན་པོ་མཆོག །བྱམས་པའི་དཔལ་མངའ་ཆོས་ཀྱི་རྒྱལ་མཚན་འཛིན། །ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི། །མཚན་ཉིད་ལྡན་པའི་རིན་ཆེན་གཞལ་ཡས་སུ། །རྩ་གསུམ་དཀྱིལ་འཁོར་སྤྲིན་ཕུང་ལྟར་གཏིབ་ཅིང་། །མེ་ཏོག་འཇའ་ཚོན་དྲི་ཞིམ་སྤོས་ངད་ཅན། །དེ་ལྟར་ཕུན་སུམ་ཚོགས་པའི་གཞལ་ཡས་སུ། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ། །གཉིས་སུ་མེད་པ་རྩ་བའི་བླ་མ་ལ། །སྒོ་གསུམ་མི་ཕྱེད་དད་པས་གསོལ་འདེབས་ན། །བདག་སོགས་མ་གྱུར་འགྲོ་བའི་ཚོགས་རྣམས་ཀུན། །ཁྱེད་ཉིད་བཞུགས་པའི་ཞིང་མཆོག་དམ་པ་དེར། ། ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་གྱུར་ཅིག །བཟའ་བཅའི་སྙིང་པོ་དཔག་བསམ་ལྗོན་འབྲས་དང་། །བཏུང་བའི་བཅུད་དུ་བདུད་རྩིའི་ཆུ་རྒྱུན་བཅས། །བགོ་བའི་གོས་སུ་རྣམ་དག་ཚུལ་ཁྲིམས་གོས། །དེ་ལྟར་མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་། རྟག་ཏུ་འབྲལ་མེད་བྱིན་གྱིས་རླབས་ཏུ་གསོལ། །