[A:༢༠༦]གཟུངས་འདུས་ཟེར་བས་དུང་ཆེན་རྫོང་དགའ། སིལ་སྙན་འཆི་མེད་སྒྲ་དབྱངས། གནས་བརྟེན་ཐང་སྐུ་སི་ཐང་མར་གྲགས་པ་དང་བླ་བྲེ་སོགས་དང་། རོལ་མོ་པུ་ཏྲ་སྙན་སྒྲོག་བཅས་ཁྱེར་ཏེ་ནག་ཆུའི་དགོན་པ་ཞིག་ཏུ་འབྱོར་འཇགས་ཐོག ཉིན་མོ་མིས་འབུད་དཀྲོལ་བྱས་ཚེ་སྒྲ་སྐད་མི་འབྱིན་ཞིང་། མཚན་མོ་དོན་མེད་དུ་སྐད་འབྱིན་པ་སོགས་མི་ཤིས་པའི་ལྟས་ངན་སྣ་ཚོགས་བྱུང་བར་རྟེན་སླར་རྩེ་གདོང་རང་དུ་ཕྱིར་འབུལ་བྱུང་བ་ད་ལྟའི་བར་དུ་འདུག་ཅིང་། ཡང་སོག་པོ་ཞིག་གིས་རིན་ཆེན་སྒང་གི་ཚོགས་དུང་དང་མགོན་ཁང་གི་སྙན་དར་དྲག་བསྡུས་ཁྱེར་བར་ལམ་དུ་དུང་གི་རྐྱེན་མེད་པར་སྒྲ་འབྱིན་པ་དང་། དེ་ཕྲལ་སྣ་ཁྲག་འཛགས་པས་སྙན་དར་རྣམས་ཀྱིས་ཕྱིས་ཤིང་མཐར་སྣ་ཁྲག་རྒྱུན་རིང་འབྱམས་པའི་རྐྱེན་བྱས་ཏེ་ཚེའི་དུས་བྱས་རྗེས་སྙན་དར་རྣམས་ཁྲག་དང་བཅས་རིན་ཆེན་སྒང་མགོན་ཁང་གི་མགོན་སྐུ་བྱིན་ཅན་སྟག་ཚང་ལོ་ཙཱ་བའི་ཐུགས་དམ་མར་ད་ལྟའང་ན་གཟར་སྒྲོན་ཡོད་ཅིང་། དེ་སྐབས་ཕྱག་རྫས་ལ་འབགས་སྐྱོན་ཆེ་ཆུང་གི་ཁྱད་ལས་ལ་ལར་མི་བརྒྱུད་རྩད་ནས་ཆོད་ཅིང་ཤུལ་མེད་དུ་སོང་བ་དང་འགའ་ཞིག་ནས་བཤགས་སྡོམ་གྱི་གཟུང་གསོ་གཏོར་བཟོས་འབུལ་བ་སོགས་དང་། དགོན་པར་མང་ཇ་ལོ་ལྟར་ཞུ་དགོས་ཀྱི་རྒྱུན་འདུག་ཅིང་། ཨེར་ཁེ་དབོན་པོའི་བུ་ཞིག་ཆོས་སྡེར་བཙུན་པ་བྱས་པའང་བདུད་