R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༠༨
[A:༢༠༨]ཡབ་རྗེ་བ་སོ་སྤྱི་ཁང་ནས་སླར་ཞ་ལུར་ཕེབས་ཏེ་གནས་བརྟེན་རྣམས་མཇལ། དེ་ནས་ས་སྐྱར་ཕེབས་པའི་ཕུར་སྒྲུབ་སྐབས་སྔགས་འཆང་ཀུན་དགའ་བཀྲ་ཤིས་དང་ཞལ་དགྱེས་གནང་ཞིང་ཞབས་ཏོག་གི་བཞུགས་འཇགས་གནང་དགོས་ལུགས་མཛད་ཀྱང་མ་བཞུགས་པར་རིམ་བཞིན་ཕེབས། སྐུ་ཁང་རྙིང་གྲས་སུ་གྱུར་པ་རྟ་ནག་སྡིང་ཁ་བྱ་བཟང་དུ་ཟླ་བ་ལྷག་ཙམ་བཞུགས། དེ་ནས་སླར་པཎ་ཆེན་ཐམས་ཅད་མཁྱེན་པའི་དཔོན་ཁག་རྣམས་ལ་ཡབ་རྗེ་ཉིད་རྩེ་གདོང་དུ་བཞུགས་མཐུས་གནང་དོན་བཞིན་ལ་རིན་སྒང་དུ་ལྕགས་ཕོ་སྟག་ལོར་ཕེབས་གསོལ་ཕོགས་བཞེས་ཏེ་ས་ལོའི་གཟིམ་ཁང་དུ་བཞུགས། སྐུ་ཆས་འགངས་ཆེ་གྲས་རོལ་མི་འབྲུག་སྒྲ་གཟིལ་གནོན། དབྱངས་ཅན་བཞད་སྒྲ། ཁྲུས་བུམ་དངུལ་འགྲིལ་མ་ཆ་དང་བཅས་ཕྱི་འཁྱར་མེད་པར་ཆོས་སྡེར་སྦྱོར་འཇགས་མཛད། ཟླ་བ་དྲུག་ཙམ་སོང་རྗེས་ཆབ་ཆུའི་སྐུ་བརྟེན་པའི་ཚུལ་བཞེས་ཏེ་མཐར་ལྕགས་སྟག་ཟླ་བ་དང་པའི་ཚེས་བཅུ་བདུན་ཉིན་ངོ་མཚར་བའི་ལྟས་མེ་ཏོག་གི་ཆར་ཆེན་པོ་དང་བཅས་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཞིང་། སྤུར་ཞུ་སོགས་ཀྱང་དེར་བྱས་ཏེ་སྤུར་ཚྭ་འདེབས་པ་དང་དགོངས་རྫོགས་སུ་ཆོས་སྡེའི་གྲྭ་བགྲེས་རྣམས་ཀྱིས་ལྕང་ཧྲག་གི་ས་འབུམ་ཆེ་བ་དེ་བཞེངས་