R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༡༠
[A:༢༡༠]པའི་སྨད་ཁམས་ཕྱོགས་ལ་ཕེབས་ཏེ་ཐོག་མར་སྡེ་དགེར་ཕེབས་བཞུགས་འཇགས་གནང་དགོས་ལུགས་ཞུས་ཀྱང་ཞབས་དྲུང་ཉིད་མ་བཞུགས་པར་ཆིབས་བསྒྱུར་གནང་། མཚོ་ཀུན་དགའ་ནོར་བུ་ཕེབས་དུས་རྗེ་ཚངས་དབྱངས་རྒྱ་མཚོ་གཤེགས། དེ་མོ་གོང་མ་རྒྱར་ཕེབས་པའི་ཕེབས་རྗེས་ཀྱང་མ་ནོན། ཚངས་དབྱངས་རྒྱ་མཚོ་གཤེགས་པའི་མཚོ་འགྲམ་དེར་ཞབས་དྲུང་ཉིད་ཀྱིས་ལྕང་མ་ཞིག་འཛུགས་པར་མཛད་པས་ཤིན་ཏུ་ལེགས་པར་སྐྱེས་འདུག་པ་རྒྱལ་མཆོག་གོང་ས་རིན་པོ་ཆེའི་མཆོག་སྤྲུལ་ཐམས་ཅད་མཁྱེན་པ་མྱུར་ཕེབས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིག་པ་དང་། མཚོ་ཁའི་རྒྱལ་པོ་ཨམ་ཟླུམ་ཞེས་པས་སྦྱིན་བདག་མཛད་བཞུགས་མུས་རྒྱལ་པོ་ཉིད་ནས་ཞབས་དྲུང་རང་གི་གདན་ས་ཚང་མ་ཕྱིར་འབུལ་དགོས་ལུགས་ཀྱི་ཕྱག་དམ་རྟེན་གྲི་བ་སོའི་ཡུ་ཅན་དང་། གསོལ་ཞལ་བཅས་ལྷ་བཟང་ཁང་ལ་རྫོང་བདའ་མཛད་པ། ཞག་བཅོ་བརྒྱད་ནས་ལྷ་ས་འཁོར་བའི་ལན་དུ་སྔར་ཁུང་གང་ཡིན་རྩིས་བཞེས་ལ་ཕེབས་ཟེར་བ་ཡོད་འདུག་ནའང་ཞབས་དྲུང་ནས་མ་ཕེབས་པ་དང་དེ་མུར་སྐུ་འབྲུམ་བཞེས་ཤིང་རྒྱུན་རིང་ཙམ་བསྙུང་རྗེས། གོང་ས་རིན་པོ་ཆེའི་སྐུ་སྐྱེ་ལི་ཐང་དུ་འཁྲུངས་པའི་གྲགས་སྙན་མཚོ་མཁར་གསན་མ་ཐག་རྒྱལ་བའི་ཡང་སྲིད་གཞན་དབང་དུ་ཤོར་དོགས་སྨད་ཁམས་རྒྱལ་ཁག་ཆེན་པོ་ཚང་