R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༡༩
[A:༢༡༩]ཟུར་བཞིན་སྤེལ་ཞིང་མི་སྡེར་ཕྱག་དབང་ཁྲོམ་དབང་སོགས་བགྱིས་པར་ཚང་མ་གུས་སྤྲོ་ཡོད་ཚུལ་བྱེད་ཅིང་། དེ་ནས་བཟུང་གྲྭ་ཚང་ནས་དཔལ་ས་སྐྱར་སྒྲུབ་དཀྱིལ་བསྐང་བ་གཏོར་བཟློག་རྣམས་སྦྱངས། ལྕགས་ལུག་ལོ་ངོས་བསྐྱོད་ཀྱི་ཕུར་སྒྲུབ་འཛུགས་པ་དང་ཆབས་ཅིག་མགོན་ཁང་གི་གཙོ་བོ་གཡག་རྭ་ལྔ་མགོན་སྐུ་བྱིན་ཅན་ཁ་ཤས་དང་བཅས་པ་མགོ་ཁང་གསར་པར་སྤྱན་དྲངས་པ་སོགས་བསྟན་པའི་མེ་རོ་རྨངས་ནས་གསོས་ཏེ་ཡར་ལམ་ངོར་དུ་འབྱོར་སྐབས་རྒྱ་སྦུག་གུར་མགོན་ལྷ་དགའ་བདུད་འདུལ་འབྲུག་སྒྲར་གྲགས་པ་འདི་དངུལ་སྲང་བཅུ་བདུན་གྱི་རྩོལ་མེད་ལག་འབྱོར་བྱུང་བ་སོགས་སླད་ཀྱི་དགེ་མཚན་དང་བཅས་དེང་སང་གི་བར་དུ་དར་ཞིང་རྒྱས་པ་འདི་ལགས། དེ་རྣམས་ཀྱི་ལྷ་རིགས་འཁོན་དང་ས་སྐྱ་པ་སྟེ་མཚན་མཆོག་གསུམ་དང་ལྡན་པའི་གདུང་རབས་བྱོན་ཚུལ་ལས། གདན་ས་ཆེ་པོའི་བླ་བྲང་སོ་སོར་དབང་བསྒྱུར་བའི་གདུང་རབས་ཀྱི་ནང་ནས། ཕྱིས་བྱོན་རྩེ་གདོང་བླ་བྲང་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ལེགས་པར་བསྟན་ཟིན་ཏོ།་། འདིར་སྨྲས་པ། ཕུན་ཚོགས་ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རྩེ། །སྤངས་རྟོགས་རྟོགས་པའི་དབང་ཕྱུག་གོ་འཕང་རྩེ། །འགྲོ་འདྲེན་འདྲེན་པ་དམ་པ་སྐྱབས་ཀྱི་རྩེ། །སྲིད་ན་སྲིད་པ་