[A:༢༢༧]དཀྱིལ་འཁོར་མངོན་སུམ་གཟིགས་པ་སོགས་སྔོན་གནས་སྒྲིབ་མེད་ཐུགས་དྲན་གསོས་པ་སོགས་རྟགས་མཚན་ཕུན་སུམ་ཚོགས་པ་དང་བཅས་མཐར་ཕྱིན། དེ་ལོ་ཕུར་བསྒྲུབས་ཀྱི་ཚོགས་དབུར་ཕེབས་ཏེ་སློབ་མ་རྗེས་འཛིན་སོགས་གནང་། འདི་སྐོར་སྔ་ཕྱི་ལོ་ངོ་ལྔ་ཙམ་ལ་གདན་སའི་ཁུར་བཞེས་ཏེ་སྒྲུབ་མཆོད་རིགས་ཀྱི་དབུ་བཞུགས་དང་། དབྱར་ཆོས་དགུན་ཆོས་སོགས་གནང་བས་ཡབ་ཡུམ་ཁུ་དབོན་ཚང་མ་དགྱེས་ཚོར་ཡོང་བར་མཛད།
བཅུ་དགུ་པ་ལ་འཇམ་དབྱངས་བསོད་ནམས་དབང་པོ་ཕུ་རི་ནས་སྤྱན་དྲངས་ཏེ་སྐུ་མཆེད་གསུམ་གཙོར་གྱུར་པའིདགེ་འདུན་འདུས་ཚོགས་བཅས་པས་བཀའ་ཆོས་ཚན་ཆེ་བར་གསན། སླར་ཡང་དགུང་གྲངས་ཉེར་གཅིག་པ་ལ་འཇམ་དབྱངས་དེ་ཉིད་ཀྱི་དྲུང་ནས་ཡབ་སྲས་བཞི་གས་གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པ་དང་གཞན་ཡང་རྗེ་བཙུན་གོང་མ་ལྔསགཙོས་པའི་རྒྱ་བོད་བླ་མ་བརྒྱུད་པའི་རྣམ་ཐར་སོགས་ཆོས་བཀའ་རྒྱ་ཆེར་གསན་ནས་སྙན་བརྒྱུད་བསྟན་པའི་བདག་པོ་མཛད། དེ་ལོ་བྱས་འགྱུར་དུ་གཞི་བསྙེན་རྒྱས་པར་གནང་སྐབས་ཐོ་རེངས་ཀྱི་ཆ་ཞིག་རྗེ་བཙུན་རྡོ་རྗེ་བདག་མེད་མས་ཕྱིས་འབྱུང་ལུང་བསྟན་གྱི་བརྡའ་དང་། འགྲོ་དོན་འཕྲིན་ལས་རྒྱས་པའི་སྨོན་ལམ་བཅས་སྩལ།
དགུང་ལོ་ཉེར་གཉིས་པ་ལ་ཡི་དམ་གུར་དྲག་གི་བསྙེན་པ་