[A:༢༢༦]རིང་བ་ཙམ་གྱི་མཐུན་སྣང་བྱུང་བས། ཉི་མ་བཟུང་བར་གྲགས་པ་དང་། ཕྱོགས་ཀུན་ཏུ་འཇའ་ཚོན་འཁྲིགས་ཤིང་། ཉི་ཟླ་སྐར་གསུམ་ལྷན་འཛོམ་མཐོང་བ་སོགས་ལྷ་མིའི་ཡིད་འཕྲོག་པའི་དཔལ་དུ་གྱུར་པས་སྙན་གྲགས་འགྲོ་དོན་ཕྱོགས་མཐར་རྒྱས་པའི་མགོ་འདི་ནས་ཚུགས།
དགུང་ལོ་བཅུ་བཞི་པ་ལྕགས་གླང་ལོར་བདེ་མཆོག་ཕོ་བྲང་དུ་ཕུར་པའི་བསྙེན་པ་ཚད་སྨིན་གནང་སྐབས་གཅུང་འཇམ་མགོན་སྐུ་མཆེད་ལ་རྩེག་གེའི་བསྙུང་གཞི་བྱུང་བ་རྗེ་འདི་ཉིད་ཀྱིས་གསན་ན་བར་ཆད་བྱུང་དོགས་གསང་རྒྱ་བྱས་སྐབས། གཙོ་གཏོར་དང་དཀར་མོ་ཉི་ཟླའི་མར་རྒྱན་ཉི་ཟླ་གཉིས་ཕྱེད་གས་པ་བྱུང་ཚེ་ཞལ་ངོ་རྣམས་ལ་བསྙུན་གཞི་འདྲ་མེད་དམ་ཞེས་ཡང་ཡང་གསུངས་ཀྱང་འཕྲོས་འབུལ་མཁན་མ་བྱུང་ཚེ། ཐོ་རེངས་ཞིག་གི་མནལ་ལམ་དུ་མཚོ་དཀར་དངས་ཞིག་གི་ནང་ནས་ལྷ་མོ་དཀར་མོ་དར་དཀར་གྱི་འཇོལ་བེར་དང་ཉི་ཟླའི་རྒྱན་བྱས་པ་ཞིག་ཐོན་ནས་དངོས་གྲུབ་གླིང་དུ་བསྐང་གསོ་བརྒྱ་རྩ་ཐོང་ཞེས་ལུང་བསྟན་ནས་ཡལ་སོང་བར་ཡུམ་ཆེན་མདུན་དུ་དེ་བཞིན་བཀའ་ཐོ་སྩལ་བས་གཅུང་གཉིས་ཀྱི་བསྙུན་གཞི་ཡང་འཕྲལ་དངས་བྱུང་། མར་རྒྱན་ཡང་རིམ་གྱིས་སོས་པ་ཀུན་གྱིས་གསལ། གཞན་ཡང་སྐབས་དེར་སྔོན་སྔགས་འཆང་ཆེན་པོའི་སྐུ་དུས་སྤ་གྲོ་སྟག་ཚང་དུ་བླ་མ་དང་ཡི་དམ་