[A:༢༣༡]ཚན་དུ་ཕེབས་སྐབས་ཐབ་མཛོ་ཞིག་དང་རྒོད་མ་གཅིག་རྐུན་མས་འཁྲིད་ཚེ་མཛོ་རྭ་ལ་མེ་འབར་བ་སོགས་སྲུང་མས་འཕྲལ་དུ་ཆོ་འཕྲུལ་བཏང་བས་ཕྱི་ཉིན་སྒར་ཐོག་ཏུ་ཚུར་ཕུལ། ལུ་ཐང་དུ་ཞག་ཤས་བཞུགས་ཚེ་བི་རི་རུ་ཐོག་ནས་བརྒྱ་འབུལ་བྱུང་། རིམ་གྱིས་རྩ་མདོ་དཔལ་འབར་དུ་ཕེབས། དཔོན་སློབ་ཉུང་ཤས་བྱམས་མདུན་མཇལ་དུ་ཕེབས་པར་བྱམས་མགོན་གྱི་ཞལ་ནས་འགྲོ་དོན་ལ་བསྐུའ་བའི་གསུང་དངོས་སུ་གནང་། ཡར་ཕེབས་པའི་སྒྲོལ་མ་རི་གདོང་དུ་སྒྲོལ་མའི་སྐུ་བརྙན་སྔོན་མེད་པ་ཞིག་ཀུན་ལ་མཇལ་ཁ་གནང་བས་ཡ་མཚན་པ་མཛད། སྒར་གཞིས་སུ་ཕེབས་ཁར་བཞུགས་སྒར་བན་ཚང་པར་བྱ་རོག་ཞིག་གིས་སྐད་གཏོང་ཞིང་། གཟིམས་གུར་གྱི་སྒོ་མཆུ་ཡིས་ཕྱེ་ཚུལ་བྱེད་པ་སོགས་འབྱོན་པའི་བརྡའ་སྟོན་བྱུང་བ་བཞིན་ཕེབས། དེ་ནས་སྒར་བཏེགས་སྐམ་བུ་གནས་ནང་དུ་ཆོས་རྒྱལ་འཕགས་པའི་འཆམ་མགོན་རྟ་ཐོག་གཉན་པོའི་སྐུ་བརྙན་ལ་རྟེན་གཏོར་བཙུགས་ནས་སྙན་ཤལ་གནང་ཚེ། དངོས་སུ་ལུང་བསྟན་ལས། འདི་ནས་ཤར་ཕྱོགས་འདོད་དགུ་འབྱུང་བའི་གནས། །གྲགས་པས་མཁའ་ཁྱབ་སྲིད་ཞིའི་དཔལ་འབྱོར་ཡོངས། །བར་ཆད་སེལ་ཞིང་ལུས་དང་གྲིབ་མར་འགྲོགས། །བསྟེན་ཅིང་བསྒྲུབ་ལ་མཆོད་གཏོར་བརྩོན་པར་བྱོས། །ཞེས་པ་ཕུལ།