[A:༢༣༠]པག་ཤའི་ཆོས་དུང་རྒྱང་གྲགས་འདི་ཉིད་སྲུང་མས་དངོས་གྲུབ་ཀྱི་ཚུལ་དུ་སྦྱིན་བདག་གུར་མགོན་གྱིས་ཕུལ། དེ་ནས་ཡར་བྱོན་པའི་ལྷ་རྟགས་མདོར་རྡོ་ལ་ཞབས་རྗེས་གསལ་བ་ཕྱོགས་དེའི་སྐྱེ་དགུའི་བསོད་ནམས་ཀྱི་རྟེན་དུ་བཞག ལྷ་རི་གསུམ་མདོར་ཕེབས་ཚེ་ས་གནས་ཀྱི་བྱང་སེམས་ཡུལ་ལྷའི་ཚུལ་འཛིན་པ། ཇོ་བོ་སྒྱོགས་ཆེན་ལྡོང་ར་ལྷ་བུ་ནོར་བུའི་གཙུག་རྒྱན་ཅན་དུ་སྤྲུལ་ནས། ཀྭ་ཡེ་འཇམ་དབྱངས་བླ་མ་བཀའ་དྲིན་ཅན། །བྱང་ཕྱོགས་མུན་པའི་སྨག་རུམ་འཐིམས་འདྲ་བར། །དམ་པ་ཆོས་ཀྱི་བདུད་རྩི་སྩལ་དུ་གསོལ། །རྡོ་རྗེ་ཐེག་པའི་སྒྲོན་མེ་སྦར་དུ་གསོལ། །ཞེས་སོགས་ཀྱི་གཞན་དོན་ལ་ཐུགས་རྗེ་བསྐུལ་བའི་ཚིགས་བཅད་ལུང་བསྟན་མང་དུ་ཕུལ་བའི་མཐར། བྱ་རྒོད་གཅིག་ཏུ་སྤྲུལ་ནས་མཁའ་ལ་འཕུར་ཚུལ་བྱུང་བ་དང་། དེ་ཡང་རྡོ་ལ་སྐུ་ཆོས་ཀྱི་རྗེས་གཅིག་གནང་བ་སོགས་ཞིབ་པར་ཡི་གེ་མངས་ཀྱིས་དོགས་པ་ལས་གཞན་དུ་གྲུབ་པའི་རྟགས་མཚན་དཔག་ཏུ་མེད་པར་སྩལ།
དེ་ནས་སླར་ཡང་བདག་ཆེན་ཀུན་ལེགས་ཞབས་དྲུང་མཇལ་ཞིང་གསེར་སྲང་གང་སོགས་འབུལ་བར་མཛད་ནས་བཀའ་བགྲོས་བསྟུན་རྒྱ་ཡུལ་དུ་ཕེབས་བཞེད་ཀྱིས་ཞག་གསུམ་ལམ་གཏོར་གྱི་གཏོར་འབུལ་མཛད་སྐབས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མེ་ཏོག་གི་ཆར་ཟིམ་ཕབ་པ་མཐུན་གྲུབ་ཏུ་བྱུང་། དེ་ནས་སྤེ་ཡི་ཆུ་