[A:༢༤༢]ཚུལ་ཁྲིམས་རྒྱ་མཚོ་སོགས་ལྷ་སྡེ་མི་སྡེ་བྱིངས་ལ་རས་ཆུང་ཚེ་དབང་གི་ཁྲོམ་ཆོས་གནང་བར་འཇའ་གུར་སོགས་ཡ་མཚན་པའི་ལྟས་བྱུང་། སླར་ཀ་བཞི་ཆོས་སྡེར་ཕེབས་ནས་དུས་མདོས་ལོ་གསར་སོགས་མཛད།
དེ་སྐབས་ཀྱང་དར་མདོ་ན་ལྕགས་ལའི་ལས་ཚན་ཕན་ཚུན་ནང་འཁྲུགས་ཀྱིས་ཚོང་འདུས་སྟོང་ལ་ཁད་བྱུང་བ་གསན་པསརྗེ་ཉིད་ཀྱིས་བདག་གཞན་བདེ་སྡུག་གཏོང་ལེན་ཕྱག་ཐོག་ཏུ་བཀལ་སྟེ་འོ་བརྒྱལ་ལ་ཇེ་མི་སྙམ་པར་དཔོན་སློབ་དྲག་བསྡུས་འཕྲལ་བཤད་ལ་ཕེབས་ཏེ་སོ་སོར་བདེ་འཇགས་སུ་མཛད། ཕྱིས་སུ་ཡང་དམག་འཁྲུག་ཨར་ཇག་སོགས་མི་བྱེད་པར་རྗེ་འདི་ཉིད་ནས་ཇེང་འདྲེན་ལྟ་བུར་གནང་སྟེ་གྲུབ་མཐའ་ཐ་དད་པ་དཔག་ཏུ་མེད་པ་དག་ནས་ཀྱང་གཏོར་བཟློག་མདོ་སྒྲུབ་བཞེས་ཁྲ་བཅས་པས་རྒྱལ་ཁམས་འཇམ་དར་ཡུག་གཅིག་ལ་བཀོད་པར་མཛད་ནས། ཕྱིར་ཀ་བཞི་དགོན་པར་ཆིབས་བསྒྱུར། ཀ་བཞིའི་དགེ་འདུན་ཚོགས་དང་སྒར་གཞིས་ཀྱི་སྐུ་འཁོར་བན་ཚང་རྣམས་ཀྱིས་སེར་ཕྲེང་གི་བསུ་བ་སོགས་ཤིན་ཏུ་སྤྲོ་བ་ཕུལ། དེ་ནས་མ་འགྱངས་པར་ཕྱག་རྗས་སྟོབས་ཆེ་བས་སྤྱིར་གྱིས་དབུས་གཙང་དག་པའི་ཞིང་དང་། སྒོས་སུ་གདན་ས་ཆེན་པོར་བསྟན་པའི་བཙས་སུ་འགྱུར་བ་ཞིག་ལ་དགོངས་པ་རྦད་གཅད་གནང་།