[A:༢༤༣]དགུངས་གྲངས་སོ་བདུན་པ་ཧོརཟླ་གསུམ་པའི་དུས་ཚེས་དགེ་བར་ཆིབས་བཏེགས་ཏེ་ཀ་བཞི་དགོན་པས་སྐྱེལ་ཐུང་དང་བཅས་རིམ་པས་ཉག་རོང་གྲུ་བརྒྱུད། ལི་ཐང་དུ་ཉེ་བར་ཕེབས་ཚེ་ལི་ཐང་དཔོན་དེ་ཐོར་པའི་ནད་ཀྱིས་གྲོངས་པ་རྗེ་ཉིད་སྔར་ཕེབས་སྐབས་ཡོན་བདག་རྙིང་པ་ཡིན་པས་ཐུགས་སྨོན་དང་ཐུགས་བསྐྱེད་ཀྱིས་མཚམས་སྦྱར་ཏེ་ཁོ་རང་གི་ཁ་ཆེམས་སུ་བདག་གི་འཕོ་འདེབས་དེ་བདག་ཆེན་མཐུ་སྡོབས་ཞབས་དྲུང་ལ་ཞུས་བྱས་པ་ལྟར་གདན་འདྲེན་འབྱོར་བར་སྒར་དམངས་ཧོར་ཆུ་ཚུར་ཀ་ཐང་དཀར་དུ་བཞག་རགས་བསྡུས་ཞིག་འབྲུམ་ནད་ལ་ཐེ་ཚོམ་མེད་པར་མྱུར་དུ་ཕེབས་ནས་ཤི་གསོན་གྱིས་རེ་བ་རྫོགས་པར་རྗེས་སུ་བཟུང་འཇའ་ས་དཔོན་གྱིས་གདན་དྲངས་པར་ཕེབས། ་ཁྲོམ་ཆེན་ལ་འབྱུང་འདུལ་དང་ཚེ་དབང་སོགས་གནང་བས་འབྲུམ་པ་རྦད་ཀྱིས་ཆད་པས་ཡུལ་ཕྱོགས་དེ་ཧ་ལས་པས་དད་སྤྲོ་ཐོབ། སླར་སྒར་ཐོག་ཏུ་ཕེབས། ཐང་དཀར་བླ་མ་འཕྲིན་ལས་པས་གསོལ་བ་བཏབ་ངོར་ཆོས་འཁོར་མང་དུ་བསྐོར། དེ་ནས་ཆིབས་བཏེགས་ཏེ་ལྗང་རྫོང་དཀར་པོར་ཕེབས། ཡུལ་དེའི་ཇག་མི་རྣམས་ཀྱིས་གུས་པས་བཏུད་པར་ཕྱག་རྡོར་ལ་སོགས་པའི་དབང་བཀའ་གནང་། དེ་ནས་རིམ་པར་བཀའ་ཕུར་ཕེབས། དེ་ཁའི་མགོན་ཁང་དུ་གསུང་བསྐང་གནང་སྐབས་དཔལ་མགོན་ནག་པོ་ཆེན་པོའི་ཞལ་ནས། ད་ལོ་