R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༤༩
[A:༢༤༩]བར་སྡེ་བརྒྱད་དྲེགས་པ་མངོན་སུམ་གྱི་རྣམ་པས་འཚུབ་ལྷོང་དང་རླུང་འཚུབ་སོགས་ཤིན་ཏུ་འཇིགས་ཀྱང་། ཉེར་བརྒྱད་འཆམས་ཀྱི་ཉིན་དང་ཉེར་དགུ་གཏོར་རྒྱག་གི་སྐབས་གནམ་ཡུལ་འཇམ་ཤིང་རྟེན་འབྲེལ་ལེགས་པར་བྱུང་། སླར་ཡང་གདན་སའི་ཕྱག་ལེན་བཞིན་གྱི་ཕུར་བསྒྲུབ་ཞུས་པ་བཞིན་རྡུལ་ཚོན་ལ་བརྟེན་པའི་སྟོད་ལས་ཀྱི་སྒྲུབ་པ་བཙུགས། དཔོན་སློབ་དྲུང་འཁོར་རགས་རིམ་ལ་དབང་བཀའ་ཁ་ཡར་གནང་། མཆོད་ཡོན་ཐུགས་སྣང་གཤིན་སྟབས་འབྲལ་མིཕོད་པ་ཙམ་བྱུང་། དེ་ནས་རིམ་པར་ལྷུན་རྩེ་ཀླུ་སྡིངས། དགེ་སྡིངས། བར་སྡིངས། བེར་ཆེན་གླང་དཀར་བརྒྱུད། ཚེར་ཆེན་དུ་ག་ཡ་དྷ་རའི་རྣམ་སྤྲུལ་མཇམ་དབྱངས་ཀུན་དགའི་མཚན་ཅན་དང་མཇལ་འཕྲད་ཐུགས་སྤྲོ་གནང་། དེ་ནས་གདན་སའི་ཉེ་ཆ་བཀྲ་ཤིས་ལྷ་ཁང་གི་མཆོད་རྟེན་རྩ་བའི་ཞིང་རིང་དུ་ཕེབས་ཚེ་ལྷ་ཆེན་ཕོ་བྲང་ནས་དགེ་འདུན་རྒྱ་མཚོའི་སེར་ཕྲེང་། འཆམ་མགོན་ལྕམ་དྲལ་གྱི་སྐུ་བརྙན་དང་། མངའ་རིས་ཀྱི་སྐྱེ་བོ་ཕོ་མོ་གཟབ་འཕྱོར་གྱི་གླུ་གར་བཅས་པས་བསུས་ཚེ་རྗེ་ཉིད་ཀྱི་གཟིགས་སྣང་ལ་གདན་ས་འདི་ཉིད་ཀྱི་བླ་མ་ལྷ་ཡིས་དངོས་སུ་བསུ་བ་གནང་བ་ཡང་དབུ་རྩེ་རྙིང་མའི་དྲང་ཐད་ན་འཇའ་འོད་དབུས་སུ་འཇམ་དབྱངས་གཙོ་འཁོར་ལྔ་དང་། གཡས་སུ་དཀར་པོ་རྣམ་གསུམ། གཡོན་དུ་