[A:༢༥༠]གསང་ངག་ཆེན་པོ། འཇམ་དབྱངས་བསོད་ནམས་དབང་པོ། མུས་ཆེན་སངས་རྒྱས་རྒྱལ་མཚན། བླ་བྲང་བཞི་ཐོག་ཆེན་མོའི་སྟེང་ཆར་ཡབ་རྗེ་གྲགས་པ་བློ་གྲོས་དང་། གཡས་སུ་ངག་དབང་མཚན་ཅན། གཡོན་དུ་རྒྱལ་ཡུམ་ཆེན་མོ་སོགས་གསལ་པོར་གཟིགས་ཤིང་ཐུགས་ཉམས་ཤིན་ཏུ་སྤྲོ་བས། རྡོ་རྗེའི་ཉམས་དབྱངས་ཀྱང་མཛད། དེ་ནས་བཞི་ཐོག་ཏུ་སྐུ་མཆེད་ཞལ་འཛོམ་ཕེབས་སྤྲོ་དགའ་སྟོན་དང་བཞུགས་གནས་ཕུན་ཚོགས་གླིང་དུ་གནང་། ལྷ་ཁང་ཆེན་མོར་ཀ་ཁོངས་གཅིག་གི་མཐའ་གྲུར་མཉམ་པའི་བླ་བྲེ་དང་སིལ་སྙན་ཚངས་དབྱངས་འབྲུག་སྒྲས་མཚོན། གཞན་ཡང་གཙུག་ལག་ཁང་ཐམས་ཅད་ལ་གོས་དར་གྱི་འཕན་དང་གནམ་རྒྱན་སོགས་ཤིན་ཏུ་མང་པོ་དང་། ཁྱད་པར་དུ་མགོན་ཁང་གོང་འོག་བསམ་བརླིང་བཅས་རྡོ་རྗེའི་ཆོས་སྲུང་རྣམས་ལ་གཏང་རག་གི་གསོལ་མཆོད་སྤྱན་གཟིགས་རྒྱས་པར་སྩལ། ཕྱག་རྫས་ཁྱད་ནོར་གང་ཡོད་ཐམས་ཅད་གདན་ས་ཉིད་དུ་གནང་། དགེ་འདུན་འདུས་པའི་ཚོགས་ལ་ཡང་མང་སྐོལ་ཇ་འགྱེད་གོས་འགྱེད་སོགས་དཔག་ཏུ་མེད་པ་གནང་།
སྐབས་འདིར་འཇམ་མགོན་ཨ་མེས་ཞབས་དང་། རྣམ་འདྲེན་ཀུན་དགའ་དོན་གྲུབ། མཁན་ཆེན་རིན་ཆེན་རྒྱལ་མཚན་རྣམས་ལས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་དཔག་ཏུ་མེད་པ་ཡང་