[A:༢༥༥]དགས་པོ་གྲྭ་ཚང་དུ་ཡང་ཆོས་འབྲེལ་སོགས་གནང་ཞིང་། ཚུར་ལ་དད་སྤྲོའི་བསྙེན་བཀུར་དཔག་མེད་ཞུས།
དེ་ནས་གོང་དཀར་དུ་ཕེབས་ཏེ་རེ་ཞིག་བཞུགས་རྩིས་གནང་། ཁྲོམ་ལ་ཚེ་དབང་ལན་གཉིས་སྩལ་བའི་སྐབས་སྔ་ཕྱིར་འཇའ་དང་མེ་ཏོག་ཀུན་གྱིས་མཐོང་བ་བྱུང་། ཐན་པ་ཆེས་པར་གཞི་བདག་ལ་ཕྲིན་བཅོལ་གཏོར་མ་ཕུལ་བས་ཆར་ཆེན་ཞག་གྲངས་སུ་ཕབ། རྒན་མོ་འཆི་ངེས་ཆུ་ལ་འཕེན་ཁར་སླེབས་པ་ཞིག་ལ་ཚེ་དབང་གནང་བས་གསོས།
དེ་ནས་སྔོན་གྱི་དམ་བཅའ་མི་འགལ་ཆེད་དུ་ལྷ་སར་ཕེབས་ནས་ཇོ་ཤཱག་རིན་པོ་ཆེར་དཀར་མེ་སྙན་ཤལ་དང་ཞབས་སྐོར་ཁ་ཤས་མཛད་ནས་ཡར་ཕེབས་ཏེ། བདེ་མཆོག་སྲིན་པོ་རི་སོགས་ལ་གནས་མཇལ་མཛད། ཀླུ་དབང་གླིང་གི་སྐྱིད་ཚལ་དུ་རྡོ་ལ་ཞབས་རྗེས་གནང་།
སླར་ཡང་ཆོས་རྒྱལ་བསྟན་སྐྱོང་དབང་པོས་ཞུས་ངོར་གཙང་ཕྱོགས་སུ་ཆིབས་བསྒྱུར་ཏེ། དཔལ་དི། སྣ་དཀར་རྩེ། ར་ལུང་རྣམས་ནས་བསྙེན་བཀུར་ཞབས་འདེགས་ཕུན་སུམ་ཚོགས་པར་ཞུས། ཐོང་ལྕགས་མགོན་ཁང་དུ་བཅད་རྒྱ་བདུན་གཅིག་བཞུགས་པར་དག་སྣང་གཟིགས་མོ་ངོ་མཚར་བ་ཤར། རྒྱལ་རྩེ་ཆོས་སྡེར་ཕེབས་ཏེ། རིག་འཛིན་བླ་བརྒྱུད་གསར་བཞེངས་ལ་རབ་གནས་