[A:༢༥༤]ཀྱིས་ཆོས་སྐྱོང་ཆེན་པོས་མདོ་སྡེ་མཆོད་པའི་ཐོག་ཏུ་དབུ་རྩེའི་སྐུ་འདྲ་རྣམས་ལ་རྟེན་ཁྲུས་དགོས་ཚུལ་དང་། ལྕོག་སྟེང་གི་བྱང་ཤར་དུ་སྔགས་འཆང་ཆེན་པོས་གནང་བའི་ཐུག་དམར་ལ་ཉམས་གསོས་དགོས་ཚུལ་ཞུས་པ་ལྟར་རྟེན་ལ་ཁྲུས་གསོལ་རྒྱས་པ་དང་། ཐུག་དམར་གསར་དུ་བཙུགས་ནས་བསྟན་པ་རྒྱས་པའི་འཕྲིན་བཅོལ་རྒྱས་པར་མཛད། བསམ་ཡས་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་ཀ་བཅུ་ལྷ་ཁང་སོགས་ཞིབ་མཇལ་གྱི་དབུ་རྩེར་གནམ་རྒྱན་དང་གཞན་རྣམས་ལ་སྙན་ཤལ་དབུལ། དེ་ནས་ཡར་རྒྱབ་ཕྱོགས་སུ་ཕེབས་ཚེ་ཆོས་སྐྱོང་ཆེན་པོར་ལམ་གཏོར་གནང་བའི་སྤྱན་འདྲེན་གྱི་སྐབས་སུ་སྐུ་སྟེན་ལ་པུ་ཏྲ་དངོས་སུ་བབ་ནས་ཡིད་ཆེས་གདེང་ཁེལ་གྱི་ལུང་བསྟན་དུ་མ་ཕུལ། དེ་ནས་གྲྭ་པ་མངོན་ཤེས་ཀྱི་གཙུག་ལག་ཁང་ཆེན་གྲ་ཐང་དུ་ཕེབས། མང་སྐོལ་གནས་མཇལ་རྒྱས་པར་མཛད། གྲུབ་རྒྱལ་གྱི་བཀའ་དབང་ཁྲོམ་ཆོས་སུ་སྩལ། གདུང་ཕུད་ལ་བྱོན་ནས་མང་སྐོལ་དང་ཚོགས་པ་ལ་འཇམ་དཀར་སོགས་བཀའ་ཆོས་ཁ་ཤས་དང་ཁྲོམ་ཚོགས་ལ་ཚེ་དབང་གནང་། རིམ་པར་སྤྲེ་ཤིང་ཕེབས་ནཱ་རོའི་སྐུ་རྒྱན་ཐུགས་དམ་པདྨ་རཱ་ག་སོགས་ཡོད་པའི་གདུང་རྟེན་དང་དུད་སོལ་ལྷ་མོའི་དྲུང་དུ་བསྐང་བ་རྒྱསཔ་མཛད། མང་ཇ་དང་སྙན་དར་ཐུགས་སྨོན་གནང་ཚེ་མཁའ་ལ་མཇའ་འོད་འཁྲིགས་པ་ཀུན་གྱི་མཐུན་སྣང་དུ་གྱུར།