R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༥༨
[A:༢༥༨]དགེ་བར་ཆོས་སྲུང་ཚོགས་ལ་སྔར་བཅོལ་གཏང་རག་དང་། ད་བཅོལ་ཞུ་འདེབས་ཀྱིས་ལོ་གསར་མངའ་གསོལ་མཆོད་པ་ཕུལ། རས་ཆུང་ཚེ་དབང་ཁྲོམ་ཆོས་སུ་གནང་། འདི་སྐབས་འཇམ་མགོན་ཨ་མེས་ཞབས་ཀྱིས་གདན་ས་སྐོར་ཙམ་ཕེབས་དགོས་གནང་བ་ལྟར། ཧོར་ཟླ་དང་པོའི་གཟའ་སྐར་དགེ་བར་ཆིབས་བསྒྱུར་ཏེ། གོང་དཀར་དུ་མང་ཇ་བསྙེན་བཀུར་དང་། ཁྲོམ་ཚོགས་ལ་ཚེ་དབང་གནང་། འདུ་ཁང་དུ་ཆོས་སྦྱིན་དང་ཚོགས་བསྔོ་གནང་། རྡོ་རྗེ་གདན་པའི་དངུལ་གདུང་མདུན་དུ་སིལ་སྙན་དང་། བྱུ་རུའི་རྒྱལ་ལག་ཕུལ། གོང་དཀར་རྩེར་མི་དབང་བསྟན་སྐྱོང་དབང་པོའི་བཀའ་བློན་ཆོས་མཛད་རྒྱལ་པོ་དོན་འགྲུབ་ཀྱིས་གུས་པས་གདན་དྲངས་ནས་དད་འབུལ་རྒྱ་ཆེན་དང་སྐྱེལ་ཐུང་སོགས་ཐུགས་སྤྲོ་ཞུས། དཔལ་དི་བ། སྣ་དཀར་རྩེ་པ། རོང་རམ་པ་རྣམས་སུ་སྒར་ཚུགས་ལ་ཐབ་བསུ་སོགས་ཞབས་འདེགས་རིམ་འཐུད་དུ་བྱུང་བ་རྣམས་ལ་ཆོས་སྦྱིན་གྱིས་བྱང་གྲོལ་ལ་བཀོད་པར་གནང་། ཐོབ་རྒྱལ་ནས་གདན་འདྲེན་འབྱོར། རིན་སྤུངས་དཔོན་སའི་སྐུ་རིམ་དུ་ཕུར་བཟློག་དང་ཚེ་དབང་སོགས་སྩལ། འབྲུག་པའི་སྐུ་ཞབས་གསུང་རྩོམ་གྲ་ཚང་བ་དཔོན་སློབ་མཇལ་དུ་འབྱོར་བར་རེ་བ་བཀང་། ཁྲོམ་དབང་སྩལ། དེ་ནས་ཡང་རིམ་པས་སྐྱིལ་པ་འཚོ་བྱེད་ཀྱིས་བསྙེན་བཀུར་ཕུལ། འམ་ཕུག་གྲུ་ཁར་དཀར་སྤྲོ