[A:༢༦༠]དཔོན་པདྨའི་རྣམ་ཐར་གྱི་ལྗགས་ལུང་གནང་། འདི་སྐབས་བདེ་མཆོག་ཕོ་བྲང་དུ་རྡོ་ལ་ཞབས་རྗེས་གསལ་པོར་གནང་། བྱས་འགྱུར་རྡོ་རྗེའི་བྲག་ཏུ་ཕེབས་ནས་རེ་ཞིག་ཐུགས་དམ་གྱི་རྒྱུན་བསྐྱངས་ཚེ་ཐུགས་ལ་འཁྲུངས་པའི་ཉམས་དབྱངས་ཀྱང་མཛད།
འདི་ལོ་ཧོར་ཟླ་བདུན་པའི་ཚེས་བཅུ་བཞི་སྔགས་འཆང་ཆེན་པོའི་དུས་ཆེན་གྱི་ཐོ་རེངས་མནལ་དང་འོད་གསལ་འདྲེས་པའི་གཟིགས་མོར། དཔོན་པོ་རིའི་རྒྱབ་ཕྱོགས་འཇའ་སྤྲིན་འཁྲིགས་པའི་ཁྲོད་ན། རྗེ་བཙུན་དཀར་པོ་རྣམ་གསུམ། སྔགས་འཆང་ཆེན་པོ། འཇམ་དབྱངས་བསོད་ནམས་དབང་པོ་ཨོ་རྒྱན་གྱི་ཆ་ལུགས་ཅན། སྔགས་འཆང་གྲགས་པ་བློ་གྲོས། གུར་ཞལ་པུ་ཏྲ་བཅས་གསལ་པོར་གཟིགས། དུས་མདོས་ཆེན་མོར་ཉེ་བའི་ཚེ་འཇམ་མགོན་ཀུན་དགའི་ཞབས་ནས་སྐུ་འཆམས་སོགས་བྱང་ཆུབ་ཀྱང་བར་སྐབས་ཅུང་ཟད་བསྙེལ་ཚུལ་ལ། རྗེ་འདི་ཉིད་དང་དབུ་བྱེད་བྱམས་པ་དཔལ་འབྱོར་དཔོན་སློབ་ལ་དྲན་གསོ་འབུལ་དགོས་ཚུལ་གནང་བ་ལྟར་རྗེ་ཉིད་ནས་ཞིབ་པར་ཕུལ་བས་འདི་ལྟར་ཡིན་ཞེས་དགྱེས་ཚོར་ཆེན་པོ་གནང་། དེ་ནས་མགོན་ཁང་རྣམས་དང་བསམ་བརླིང་བཅས་པར་ལམ་གཏོར་སྨིན་རྒྱས་གནང་ནས། ཉེར་བཞིའི་གནས་ཀྱི་དཔའ་བོ་མཁའ་འགྲོ་འདུ་གནས་མིང་དོན་མཐུན་པའི་ཡུལ་ཆེན་ལ་ཕེབས་ཏེ། རྩ་ཁུ་ལུང་དུ་བྱང་པའི་དཔོན་པས་