[A:༢༦༡]བཞེས་སྟོན་འབུལ་བ་རྒྱ་ཆེར་ཞུས་རས་ཆུང་ཚེ་དབང་སོགས་ཆོས་སྦྱིན་བསྩལ། ཨེ་རུ་ཕེབས་ཚེ་གཉེར་པ་བློ་བཟང་སོགས་ཕེབས་བསུར་འབྱོར། སང་དཀར་ལེབ་དགོན་པ་སོགས་ཀྱིས་སེར་ཕྲེང་བཅས་པས་མདུན་བསུས་ཏེ་གཞིས་ཀར་ཕེབས།
དེ་ན་སྔོན་དུས་སྔ་ཕྱིར་ཐུགས་ཀྱི་དམ་བཅའ་ཡོད་པ་བཞིན་སྤྲུལ་པའི་བཟོ་བོ་ཛི་ན་ཞེས་པའི་སྐུ་བརྙན་བཟོ་ཁྱད་འཕགས་ཤིང་མྱུར་དུ་གྲུབ་པ་དང་། ལ་ན་བཀྲ་ཤིས་ཞེས་པས་རྒྱལ་མཚན། དུང་ཆེན་སོགས་བཟོ་ཁྱད་ཕུན་སུམ་ཚོགས་པ་བསྒྲུབས། གཞན་ཡང་ཚེ་དབང་གྲུབ་རྒྱལ་དང་། རྟ་མགྲིན། འབྱུང་འདུལ། སྒྲོལ་དཀར་སོགས་རྗེས་གནང་ཆོས་སྦྱིན་མང་དུ་སྩལ། ཁྱབ་བདག་བྱམས་པ་ཕུན་ཚོགས་གདན་དྲངས་ནས་བཀའ་ཆོས་རྒྱ་ཆེར་གསན།
དེ་ནས་དབུས་ཕྱོགས་སུ་ཆིབས་བསྒྱུར་ལམ་བར་ཨར་པོ་སོགས་གྲང་ངར་ཆེ་ཡང་དབྱར་སྒང་ལྟར་དྲོ་བས་ཐམས་ཅད་ངོ་མཚར་སྐྱེས། ངམ་རིང་ནས་གདན་འདྲེན་འབྱོར་བ་བཞིན་ཞལ་གྱིས་བཞེས་ཏེ་རིམ་གྱིས་ཕེབས་པར། དགུན་ཆོས་སྐབས་ཡིན་པས་ས་དགེའི་དགེ་འདུན་སུམ་སྟོང་དྲུག་བརྒྱས་སེར་ཕྲེང་གིས་མདུན་བསུས། འབུལ་བ་བསྙེན་བཀུར་དཔག་མེད་ཞུས། ཕར་ཡང་མང་འགྱེད་དང་བཀའ་ཆོས་རྒྱ་ཆེར་སྩལ།