[A:༢༦༣]ལ་རས་ཆུང་ཚེ་དབང་ཞིག་གནང་། སླར་ཡང་སྡེ་སྲིད་ཀྱི་སྐུ་རིམ་དུ་དམར་ཆེན་གཏོར་བཟློག་བཙུགས་པའི་གཏོར་རྫོང་ཉིན་ཆར་ཆེན་འབེབ་འཕྲོ་ཆད་ཅིང་ནམ་མཁའི་མཐའ་རྣམས་སྤྲིན་ནག་དང་འཚུབ་མས་བསྐོར་བའི་དབུས་ན་ཉི་མའི་དཀྱིལ་འཁོར་ཚ་བར་འཇའ་དཀར་པོས་བསྐོར་བར་བྱུང་། སྡེ་སྲིད་ནས་གཞིས་ཀར་སེར་ཚོགས་སུ་འཛུགས་རྒྱུའི་ཚོགས་ཟངས་བླུགས་པའི་བཟོ་རྣམས་ལ་བཀོད་པ་ཐོང་ཙམ་རྗེ་ཉིད་ལ་བར་ཆད་བསྲུང་བར་ཞུས་ནས་བླུགས་སུ་ཉེ་བ་དང་གནམ་ས་སྤྲིན་འཚུབ་འབྲུག་གློག་སོགས་ལྕེ་འབབ་ཏུ་ཉེ་བའི་འཚུབ་བྱུང་བར། རྐང་གླིང་བཏང་ཞིང་གཡབ་དར་གཡོ་པ་བཅས། བཀའ་བསྒོ་གནང་བས་དངོས་གཞི་བླུག་སྐབས་མཚན་མོ་ནམ་མཁའ་དྭངས་ཤིང་སྐར་བཀྲ་རྒྱས་པ་དང་བཅས་ཟངས་ཆེན་ངོ་མཚར་ལུགས་པའི་རབ་གནས་ཀྱང་གནང་།
སླར་ཡང་མི་དབང་ཆེན་པོས་སྐྱེལ་ཐུང་དང་བཅས་དབུས་ཕྱོགས་སུ་ཆིབས་བསྒྱུར། ལྷ་ཁུད་དུ་ཕེབས་ཚེ་རྩེ་གདོང་དུ་གདན་འདྲེན་འབྱོར་ཡང་ཆུ་ཆེས་པས་བཤོལ། དེ་ནས་རིམ་གྱིས་ཆོས་སྦྱིན་གེགས་མེད་སྩལ་བཞིན་པས་རིན་སྤུང་སུ་ཕེབས། དཔོན་ས་ནས་བསྙེན་བཀུར་ཕུན་ཚོགས་ཞུས་དབང་བཀའ་ཁ་ཤས་གནང་བ་ནས་བཟུང་ཞག་བཅུ་ཙམ་ལ་ཆར་ཆེན་བབས། རིམ་གྱིས་རོང་ཆེན་བརྒྱུད་ནས་ཕེབས་པར་ཡུལ་མི་རྣམས་ལམ་འཕྲེང་ངན་པ་དང་