[A:༢༦༤]ཆུ་ཆེ་བས་འཇིགས་སྣང་ཚད་མེད་བྱེད་པར་རྗེ་ཉིད་བརྟུལ་ཞུགས་ཀྱི་ངང་ནས་ཡུད་ཀྱི་བདེ་བར་ཕེབས། རིམ་བརྒྱུད་གོང་དཀར་དུ་དགེ་འདུན་རྣམས་ལ་མང་ཇ་འབྲས་ཐུག་འགྱེད་བཅས་དང་། ཁྲོམ་ལ་རས་ཆུང་ཚེ་དབང་གནང་། དོལ་གྱི་ས་འབོར་དུ་ཕེབས། དད་ལྡན་དགོས་དགོས་མ་བུ་འཁོར་བཅས་ཀྱིས་གུས་པས་མཆོད་ཆོས་སྦྱིན་ཡང་གནང་། དབང་ཕྱུག་འབར་གྱི་གནས་གཞིར་ཕེབས་ཚེ་དགེ་འདུན་སྒང་པ་དང་། བྱམས་གླིང་ཆོས་སྡེའི་མཁན་ཟུར་གྱིས་ཆིབས་བསུ་དང་། གྲ་ཐང་འདུས་སྡེས། སེར་ཕྲེང་སོགས་བཀོད་པ་ཕུལ་དུ་བྱུང་བས་གནས་ནང་མཐོང་སྨོན་དུ་ཞག་ཤས་བཞུགས། དེ་ནས་གཞིས་ཁ་དཔལ་འབྱོར་རབ་བརྟན་དུ་ཕེབས་ནས་གདན་ཕབ་ཏེ་བཞུགས། གོང་མ་སྡེ་སྲིད་ཀྱིས་ཕུལ་བའི་སོག་པོ་ལ་སོགས་པའི་ཆོས་གཞིས་རྩིས་ལེན་མཛད། འདི་ལོའི་དུས་མདོས་ཀྱི་སྐབས་ལ་བབས་པས་གཟབ་སྤྲོས་གནང་བར་དེ་སྐབས་སྤྱན་དང་ཞབས་ཨེན་མི་བདེ་བའི་རྣམ་པར་ཡོད་ཀྱང་སྐུ་འཆམས་སོགས་ཀྱི་སྐབས་སྐུ་གཟུགས་ཤིན་ཏུ་བདེ་ཉམས་དང་ནམ་མཁའ་དངས་བ་སོགས་སྤྲོ་བར་བྱུང་བས་ཁྲོམ་རྣམས་ཀྱིས་སྐུ་ཁམས་རྙོག་པ་མི་བདེན་པ་འདུག་ཟེར་བ་བྱུང་། སླར་ཡང་སྲུང་མའི་ཚོགས་ལ་བསྐང་གསོ་རྒྱས་པར་གནང་།
དགུང་ལོ་ཞེ་གསུམ་ལྕགས་རྟ་ལོར་སོན་པའི་ལོ་གསར་དང་