R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༦༥
[A:༢༦༥]ཆོས་སྲུང་ལ་མངའ་གསོལ་རྒྱས་པ་སོགས་ཕུལ། དེ་སྐབས་ཀྱང་སྡེ་སྲིད་ནས་སྐུ་རིམ་སྒྲུབ་ཞུས་བཞིན་ཕུར་བཟློག་སོགས་གནང་། དེ་མཚམས་རིན་སྤུང་ནས་བང་ཆེན་སྔ་ཕྱིར་གདན་འདྲེན་ནན་ཞུས་བསྟུད་པས་སྐུ་འཁོར་རགས་བསྡུས་ཕེབས། སྐུ་རིམ་ཆེ་ཕྲ་མང་དུ་གནང་། སླར་སྒར་གཞིས་ཀྱང་ཡར་བསྡོངས་ནས་ཐོབ་རྒྱལ་དུ་གདན་དྲངས་པ་ལྟར་ཕེབས། དབང་བཀའ་ཕུར་བཟློག་སོགས་འདོད་དོན་རྫོགས་པར་མཛད། དེ་མཚམས་ཧོར་ཡུལ་ནས་ཆོས་དར་འབུམ་གྱིས་ནན་ཞུས་ལྟར་བྱོན་ནས་ཤི་གསོན་རྗེས་འཛིན་རེ་བ་རྫོགས་པར་མཛད། དེ་ཕྱོགས་རེ་ཞིག་བཞུགས་ཚེ་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་ཞིག་འོང་ཚོད་ཀྱང་ཐོལ་སྐྱེས་རྦད་ཆོད་ཀྱིས་དགོངས་པས་ཞག་ཅིག་ནས་ཐོབ་རྒྱལ་ཕྱོགས་སུ་ཕེབས། དེ་མཚམས་ཀྱང་སྤྱན་མིག་ཨེན་མ་བདེ་ཡང་རྩེ་གདོང་ནས་གདན་འདྲེན་འབྱོར་བ་བཞིན་ཕེབས། སྐུ་མཆེད་བགྲེས་གཞོན་གཉིས་ཀྱི་བསུ་བ་དང་བཅས་མཇལ་འཕྲད་ཐུགས་སྤྲོ་གནང་། སྐུ་རིམ་ཕུར་བཟློག་སོགས་ཚུགས་སྤྱན་ཡང་རིམ་གྱིས་དངས་། རྩེ་གདོང་རྒྱལ་ཡུམ་གྱི་གཅུང་མོ་བསྙུན་བར་སྔགས་ཆུ་སྲུང་མདུད་སོགས་སྩལ་བས་སང་དངས་བྱུང་། དེ་ནས་གཞིས་ཀ་བསམ་གྲུབ་རྩེ་ནས་སྡེ་སྲིད་ཀྱིས་གདན་འདྲེན་འབྱོར་བར་ཐོགས་མེད་ཕེབས་ནས་རེ་ཞིག་གདན་ཕབས་ཏེ