R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༦༦
[A:༢༦༦]བཞུགས། དེ་རས་ཀྱི་སྐུ་རིམ་དུ་དབང་བཀའ་དང་ཕུར་བཟློག་སོགས་མཛད། འཇམ་དབྱངས་ཀུན་དགའ་ལྷུན་གྲུབ་ལས་ཚེ་དབང་བརྒྱ་རྩ་གསན། གཞིས་ཀ་རིན་སྤུངས་ནས་གདན་འདྲེན་འབྱོར་བ་བཞིན་ཕེབས། ཚེ་བརྟན་དཔལ་མོ་ཨན་ཙམ་བསྙུང་བར་རིམ་གྲོ་ཐུགས་དགོངས་བཞིན་གནང་བས་ཕྲལ་དངས་བྱུང་། ལམ་དུ་འབྲུག་སྒྲོན་ཚེ་དུས་བྱས་པར་ལམ་བསྟན་དང་ལྷར་སྐྱེ་བར་གཟིགས སླར་ཡང་དབུས་ཕྱོགས་ཕེབས། གོང་དཀར་ཆོས་སྡེར་མང་ཇ་བསྙེན་བཀུར་གནང་། དེ་ནས་ཕེབས་ཏེ་བླ་བྲང་དཔལ་འབྱོར་རབ་བརྟན་དུ་གདན་ཕབས་ཏེ་འདི་གོང་བསྟན་པ་སྤྱི་སྒེར་རྒྱས་པའི་འོད་གསལ་ལུང་བསྟན་བྱུང་བ་བཞིན་དུས་མདོས་ཆེན་མོ་ཚུགས་ཏེ་གྲོལ་ཉིན་སྲིད་ཞི་དཔལ་འབྱུར་མའི་བཀྲ་ཤིས་སྐབས་ཐུགས་ཉམས་འུར་ཞིང་སྤྱི་སྒེར་གྱི་བསྟན་དགྲ་འགའ་ཞིག་མངོན་སྤྱོད་འཕྲིིན་ལས་ཀྱིས་བྱང་གྲོལ་ལ་བཀོད་པ་གསལ་བར་གཟིགས། ཆོས་སྐྱོང་ཡིད་བཞིན་ནོར་བུས་མི་མགོ་རློན་པ་དར་གྱིས་བསྟུམ་པ་རྣམས་དངོས་སུ་ཕུལ། དགུང་ལོ་ཞེ་བཞི་ལྕགས་ལུག་ལོར་ཕེབས་པའི་ཐོག་སྐུ་ཕྲེང་སྔོན་མ་སྔགས་འཆང་ཆེན་མོའི་སྐུ་དུས་བཞེངས་བཞེད་ཀྱང་སྐབས་སུ་མ་བབས་པས་སྐུ་ཚེ་འདིར་བཞེངས་དགོས་པ་བཞིན་བཟོ་རིགས་པ་ལྔས་མགོན་ཁང་ཡིད་བཞིན་ནོར་བུ་རྟེན་དང་བརྟེན་པར་