R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༦༩
[A:༢༦༩]གནང་། དེ་ནས་རེ་ཞིག་ནས་སོག་པོའི་ཟིང་སྣེ་བྱུང་བར་སྡེ་སྲིད་ནས་བདེ་དོག་གི་ཐུགས་དམ་ཞུས་པར་ཟབ་མོ་བདུད་ཀྱི་སྤྱོད་ཡུལ་གྱི་སྒོ་ནས་འོད་གསལ་གྱི་དགོངས་པས་གཟིགས་པར་ཐོ་རེངས་ཀྱི་ཆར་མནལ་ལམ་དུ། སོག་འདྲེ་མདོག་སྐྱ་བེར་སྨུག་གོན་པ་དགྲ་སྟ་ཐོད་པ་ཐོགས་པ་འཁོར་ཡང་དེ་འདྲ་མང་པོ་དང་བཅས་བྱུང་ནས་མཚོ་མཁན་ཁའི་རྒྱལ་པོ་འདིར་སླེབས་ཡོད་པས་ཁྱེད་རང་ཡོན་མཆོད་རྙིང་པར་སོང་བས་སོག་པོའི་ནང་ལ་བསྐོར་ཙམ་འབྱོན་དགོས། གལ་ཏེ་མི་འབྱོན་ན་དེད་རྣམས་གཙང་པྱོགས་འདིར་རེ་ཞིག་སྡོད་རྒྱུ་ཡིན་ཟེར་བྱུང་བར། རྗེ་ཉིད་ནས་སྔར་དཔོན་པོ་འཁོར་ལོ་ཆེའི་སྐབས་སུ་ཁྱོད་ཚོ་ལ་ཆོས་དང་གཏོར་མའི་སྦྱིན་པ་འབྲེལ་བའི་དམ་ཚིག་དྲན་པར་བྱོས་ལ་སོང་ཞིག་ཅེས་སྟོང་ཉིད་ལྟ་བའི་ཕགས་སྐོར་མཛད་པས་རེ་ཞིག་ཡལ་ནས། སླར་ཡང་སྔར་གྱི་གཟུགས་བྱད་ལས་ཉམས་ཞན་ཟ་འདོད་གྱི་ཚུལ་དུ་མདུང་དང་ཁུག་མ་ཐོགས་པ་མང་པོ་བྱུང་ནས་དེད་རྣམས་ལོག་འགྲོ་ལམ་རྒྱགས་གཏོར་མ་དགོས་ཟེར་བྱུང་བར་ཏིང་ངེ་འཛིན་གྱིས་སྤྲུལ་ཏེ་བསྔོ་བར་མཛད་པས་ཚིམས་ཏེ་རིན་ཆེན་སྒང་བརྒྱུད་ནས་བྱང་ཕྱོགས་སུ་ཤར་གྱིས་སོང་བ་གཟིགས་པས། ཞུས་ལན་དུ། ཧོར་སོགས་འཇིགས་པའི་དམག་ཚོགས་དགྲ་ཆེ་ཡང་། །ཁྱོད་ཀྱི་སྐུ་ཡི་སྟོབས་དང་མི་མཉམ་པར། །རྒོལ་བ་ངན་པའི་ཀླད་པ་འགེམས་ནུས་པས། །