[A:༢༧༠]གཡུལ་གྱི་དཔུང་འདེགས་ཆེར་ནི་མི་དགོས་འདྲ། །ཞེས་སོགས་ལུང་བསྟན་གནང་།
སྐབས་དེར་དམིགས་པའི་ཕུར་བཟློག་གཅིག་ཀྱང་མཛད། དེ་སྐབས་ཐན་པས་གདུངས་པས་དད་ལྡན་སྦྱིན་བདག་རྣམས་ཀྱིས་ཞུས་ངོར་བདེན་བརྗོད་གནང་བས་ཆར་ཆེན་འཕྲལ་དུ་ཕེབས། དེ་མཚམས་སྡེ་སྲིད་ནས་ཆེད་ཞུས་ཀྱིས་པ་རྣམས་ཀུན་དགའ་ཕུན་ཚོགས་དཔལ་མོའི་རྐྱེན་སེལ་དུ་ཕེབས་སྐབས་གོང་དུ་བྱད་གཏད་སོགས་ཡོད་ཆོད་ལ་སྐུ་རིམ་དང་བསོད་ནམས་ཀྱིས་མ་ཚུགས་པར་ཉེ་འཁོར་ལ་འགྱུར་བའི་བྱེད་ངོ་རྒྱལ་ལྟས་ཆོ་འཕྲུལ་དངོས་སུ་མཐོང་རྒྱུ་བྱུང་བའང་ཚེགས་མེད་དུ་བཟློག་པར་གནང་། དེ་ནས་ཆིབས་བཏེག་ཏེ་འབྱོར་རྒྱས་དང་། ཁྲི་ཁང་ཚོང་འདུས་རྣམས་ནས་བསྙེན་བཀུར་དང་བཅས་བཀྲ་ཤིས་དགེ་ཚལ་ཀླུ་སྡིངས་སུ་སྡེ་སྲིད་ཉིད་ཕེབས་བསུར་འབྱོར། ཕེབས་ཇ་དཀར་སྤྲོ་སོགས་རྒྱས་པར་ཞུས། སླར་གནས་ཆེན་རྣམས་ལ་རབ་གནས་སྐྱོར་བ་དང་བསྟན་པ་གསོ་ཆོག་ལ་འབྱོན་པར་ཞུས་པ་བཞིན་ཞལ་གྱིས་བཞེས། རིན་སྤུངས་སུ་དཔོན་ས་བསྙུང་བའི་རིམ་གྲོར་ཚེ་དབང་གནང་བས་འཕྲལ་དངས་བྱུང་། གོང་དཀར་དུ་ཞག་ཤས་གདན་ཕབས་བསྟན་པ་གསོ་ཆོག་མཛད། བདེ་མཆོག་སྲིན་པོ་རི། འོར་གྱི་གཙུག་ལག་ཁང་། ལྷ་ས་ཇོ་ཞལ་རྣམ་གཉིས། ཡེར་པ་ལྷ་རི།