R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༧༡
[A:༢༧༡]བསམ་ཡས། ཁྲ་འབྲུག ཡུམ་བུ་བླ་མཁར། གྲ་ཐང་རྣམས་སུའང་བསྟན་པ་གསོ་ཆོག་རྒྱས་པར་མཛད། དེ་དག་གི་ཚེ་སྲིན་པོ་རིའི་བདེ་མཆོག་དང་། ཇོ་ཞལ་རྣམ་གཉིས་ནས་དངོས་སུ་ལུང་བསྟན་སྩལ། ཡེར་པ་ཨོ་རྒྱན་ཕུག་ནས་ཚེ་ཆུ་བབས། བསམ་ཡས་ཆོས་སྐྱོང་ཆེན་པོས་དབུ་རྨོག་ཕུད་ནས་ཕེབས་བསུ་ཞུས། སྐུ་གསོབ་ཆེན་མོར་ཞིག་གསོས་རབ་གནས་དགོས་ཚུལ་དང་བར་ཆད་མི་ཡོང་ཚུལ་ནན་ཞུས་བཞིན་གནང་། ཁྲ་འབྲུག་ཚངས་པ་དུང་གི་ཐོར་ཚུགས་ཅན་དང་། དེའི་ལས་མཁན་བསེ་ཁོག་ཟེར་བ་དག་གིས་ཡིད་ལུས་སྤོངས་པའི་སྨོན་ལམ་ཞིག་ཞུས་པ་བཞིན་ལྗགས་རྩོམ་གནང་སྟེ་འདེབ་ལ་སྦྱར་བ་སོགས་ངོ་མཚར་བའི་མཛད་པ་རྒྱུན་ཆགས་ཀྱིས་སླར་དཔལ་རབ་ཏུ་ཕེབས། འདྲེན་མཆོག་ཀུན་དགའི་མཚན་ཅན་བྱོན་པར་བཀའ་ཆོས་མང་ཞིག་གསན། ཕར་ལ་ས་སྐྱ་བཀའ་འབུམ་རིན་པོ་ཆེའི་ལྗགས་ལུང་གནང་། སྙན་པ་དང་འཕྲིན་ལས་དཀར་ཕྱོགས་རྣམས་ཀྱིས་སྤེལ་བ་ལྟར་ལྷོ་ཕྱོགས་མོན་ཡུལ་ནས་གདན་འདྲེན་འབྱོར། བསྟན་དོན་ལ་དགོངས་པའི་ཐུགས་བསྐྱེད་རྦད་ཆོད་ཀྱིས་ཕེབས་པ་ཤར། རིམ་པས་ཕག་རི་བརྒྱུད། ཇོ་མོ་ལྷ་རིའི་གངས་ལ་བསངས་མཆོད་མཛད། སྤྲེལ་མོ་ལྷ་རྒྱབ་ནས་འོོ་དོད་འཕྲང་གི་བདུད་མོ་ལ་གཏོར་མ་གནང་། ཉང་སྤེ་དབོན་པོ་སྡོད་སར་ཕེབས། དངུལ་སོགས་