[A:༢༧༥]གཟིགས། དེའི་ཚེ་སྔགས་འཆང་ཆེན་པོར་གདུང་ཤུགས་མཚན་འབོད་ཀྱི་ཉམས་དབྱངས་མཛད་ཚེ། ང་ཡིས་རྗེས་བཟུང་རས་ཆེན་མཐུ་སྟོབས་ཁྱོད། །དུས་རྣམས་ཀུན་ཏུ་ཨོ་རྒྱན་ཐུགས་རྗེས་བསྐྱང། །ཞེས་སོགས་རྡོ་རྗེའི་གསུང་དུ་མས་དབུགས་དབྱུང་གནང་། ཕག་རི་བརྒྱུད་པའི་ལམ་བར་རྣམས་སུ་འབུལ་བ་དཔག་མེད་བྱུང་། གདན་ས་ར་ལུང་གི་གཉེར་པས་གུས་འདུད་ཞུས། རིམ་གྱིས་གོང་དཀར་ཆོས་སྡེར་ཕེབས་ནས་མང་ཇ་འབྲས་ཐུག་འགྱེད་བཅས་སྩལ། དུས་ཚེས་ལེགས་པ་དང་བསྟུན་གྲ་ཐང་དུ་ཕེབས། དཔོན་སློབ་མཁན་པོས་ཕེབས་སྤྲོ་རྒྱས་པ་དང་བཅས་མཐོང་སྨོན་བླ་བྲང་དུ་བཞུགས། ཕྱིར་ཉིན་དཔལ་རབ་གདན་སར་ཕེབས། ཆོས་སྲུང་ལ་སྔར་མཛད་གཏང་རག་དང་སླད་ཀྱི་འཕྲིན་བཅོལ་རྒྱས་པར་གནང་། དབུས་ཕྱོགས་ཆོས་སྡེ་རྣམས་ལ་འབྲས་འཇམ་སྩལ།
སྐབས་འདིར་བཟོ་རིག་པ་དྲུག་གིས་རྟེན་བཞེངས་ཚུགས་པའི་བཟོ་རྒྱབ་དོ་དམ་པ་དཔོན་ཚན་རྣམ་གཉིས་བསྐོས་ཏེ། གསེར་ཟངས་གིས་རྡོ་རྗེ་འཆང་གི་སྐུ་བརྙན། དངུལ་གྱི་མགོན་པོའི་བླ་བརྒྱུད་མཐོ་ཚད་གྲས་གཅིག་རྣམས་ཟླ་བ་ལྔའི་ནང་དུ་གེགས་མེད་གྲུབ། གྲུབ་མཐའ་རིས་མེད་ཀྱི་བྱིན་རྟེན་སོགས་གཟུངས་གཞུག་དང་རབ་གནས་བཅས་མཐར་ཕྱིན་གནང་། གྲ་བྱམས་གླིང་ཆོས་