R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༧༦
[A:༢༧༦]སྡེ་ཆེན་པོའི་ཁྲིར་ཕེབས་བསྟན་པའི་མེ་རོ་ལེགས་པར་གསོས། འདི་སྐབསཀྱང་སྡེ་སྲིད་ནས་འཕྲལ་དགོས་ཀྱི་ཡོ་བྱད་རྒྱས་པ་དང་བཅས་གནས་ཆེན་རྣམས་ལ་རབ་གནས་ཞལ་གསོ་མཛད་པར་ཞུས་པ་བཞིན། ལྷ་ས་ཇོ་ཞལ་རྣམ་གཉིས་ཀྱི་མདུན་དུ་མཆོད་སྤྲིན་དང་བཅས་བདེན་སྨོན་སོགས་ཞིབ་པར་སྩལ། ཕྱོགས་དེར་ཐན་པས་ཉེན་པ་རྣམས་ཀྱིས་གསོལ་བར་བཏབ་ངོར་བདེན་བརྗོད་མཛད་པས་ཆར་རྒྱུན་ཉིན་ཞག་གསུམ་བབས། ཇོ་བོའི་སྐུ་མདུན་དཀྱིལ་འཁོར་སྡིངས་དུ་རྒྱུད་སྡེའི་ཡང་སྙིང་ཕུར་པར་བརྟེན་པའི་བཟློག་ཆོག་མཛད་པའི་གཏོར་རྫོང་གི་ཉིན་ཐེབས་རྟགས་ཡ་མཚན་པ་བྱུང་། དེ་གའི་ཁྱམས་གྲ་ཆེན་མོར་དགྱེས་རྡོར་ལ་བརྟེན་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་གནང་ཚེ་འོད་ཟེར་འཕྲོ་བའི་ལྷ་རྣམས་ལས་ངོ་མཚར་བའི་ལྟས་བྱུང་། ཆོས་སྦྱིན་ཡང་རྒྱ་ཆེར་སྩལ། ཞབས་སྐོར་གནང་ཚེ་ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་གི་ཆར་པ་མཐུན་གྲུབ་ཏུ་བྱུང་། རིམ་པས་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པས་འཕན་ཡུལ་གླང་ཐང་། སྨན་རྩེ་། བདེ་ཆེན་རྫོང་། ཞང་གི་གནས་ཆེན། ཡང་རྫོང་ཤེལ་ཕུག་རྣམས་སུ་མཆོད་སྤྲིན་ཞལ་གསོ་རབ་གནས་མཛད། ཤེལ་ཕུག་ཏུ་ཕྱག་རྗེས་ཤིག་ཀྱང་སྩལ། དེ་ནས་དཔལ་གྱི་བསམ་ཡས་སུ་ལྷ་མིའི་བསུ་བ་དང་བཅས་ཕེབས་ཕོ་བྲང་གོང་དུ་བཞུགས། ལྷ་མིའི་དམ་ཚིག་གི་འབྲེལ་པས་ཆར་རྒྱུན་