R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༨༠
[A:༢༨༠]མཆོག་ཀུན་དགའ་ལྷུན་གྲུབ་ལས་གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་གསན། རིམ་གྱིས་རིན་སྤུངས་སུ་ཕེབས། དཔོན་པའི་རིམ་གྲོར་ཕུར་བཟློག་སོགས་གནང་། རིམ་པས་དགའ་བདེ་རམ་པ་དག་ནས་ཀྱང་ཞལ་འདེགས་ཕུལ་བྱུང་ཞུས་ཤིང་སྨིན་གྲོལ་ལ་བཀོད། དཔལ་དེ་རྫོང་དུ་ཞལ་ངོ་རྣམས་ལ་སྨིན་བྱེད་སྩལ། བསྙེན་བཀུར་ཕུན་སུམ་ཚོགས་པ་བྱུང་། རིམ་གྱིས་ཆོས་སྦྱིན་སྩལ་བཞིན་པས་གཟེ་མར་ཕེབས་ཐོག་རྡོ་རྗེ་གདན་པས་ཐབ་བསུ་དང་། གོང་དཀར་ནས་བསུ་བ་སེར་ཕྲེང་། ཚེ་དབང་ཁྲོམ་ཆོས་སུ་གནང་། འདུས་ཚོགས་ལ་མང་འགྱེད་བསྒྲུབས་སྐྱིད་གཤོང་གྲགས་ཆེན་སོགས་སུ་སྐྱེ་དགུ་སྨིན་གྲོལ་ལ་བཀོད་པར་གནང་། གདུང་ཕུད་བརྒྱུད་ནས་དཔལ་རབ་ཏུ་ཕེབས་ཏེ་སླར་ཡང་མཁས་དང་གྲུབ་པའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཁོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་གནང་བཞིན་པའི་མཐར་དགུང་གྲངས་ལྔ་བཅུར་ཕེབས་པའི་མེ་གླང་ལོར་བསམ་ཡས་ཆོས་སྐྱོང་ཆེན་པོ་ནས་འདི་ལོ་བརྒྱུད་པ་འོད་ཟེར་ཅན་ལ་སྐུ་དོག་ཆེན་པོ་ཡོད་པས་བཅད་རྒྱ་ཡུན་རིང་དང་དགོན་སྡེ་མང་པོར་རྒྱ་ཇའི་འདུ་སྐོལ་སོགས་དགོས་ཚུལ་ནན་ཞུས་ཕུལ་འདུག་ཀྱང་། ཐུན་མོང་གི་ངོར་རྟེན་འབྲེལ་ཁྱད་དུ་མི་གསོད་ཙམ་དུ་བཅད་རྒྱ་བདུན་ཕྲག་གཅིག་ཙམ་དང་། དགོན་ཁ་ཤས་ལ་མང་སྐོལ་ཙམ་གནང་།