R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༩༤
[A:༢༩༤]ཐམས་ཅད་མཁྱེན་པ་བསམ་གཏན་རྒྱ་མཚོས་མཛད་པའི་རྟོགས་བརྗོད་ཆེན་མོར་གསལ་བས་འདིར་དོན་བསྡུས་ལས་མ་བཀོད་ལ། སྐུ་ཚེ་འདིར་ཡང་གངས་ཅན་གྱི་གདུལ་བྱ་འདུལ་བའི་དུས་ལ་བབ་པས་དཀར་ཕྱོགས་སྲུང་མའི་ཚོགས་ཀྱིས་ཞིང་འདིར་གདན་དྲངས་པ་མ་གཏོགས་བར་སྲིད་དག་པ་ཡེ་ཤེས་ཀྱི་སྐུས་འཕགས་ཡུལ་དུ་འཁྲུངས་པར་དགོངས་པ་གཏད་པའང་། རྗེ་ཉིད་ཀྱིས་གསུང་ལས་ཁོ་བོ་རྒྱ་གར་དུ་སྐྱེ་བ་ལེན་རྒྱུ་ཡིན་པ་ལ་ཅེ་སྤྱང་འདྲ་བའི་སེམས་ཅན་མཇུག་མ་རིང་པོ་བྱས་པ་གཉིས་ཀྱིས་ལམ་བཀག་ནས་རྒྱ་གར་ཕྱོགས་ལ་འགྲོ་མ་ཐུབ་པ་ལོག་པ་ཞིག་དྲན་གྱིན་འདུག་གསུངས་པ་འདི་དང་གནོད་སྦྱིན་ཆེན་པོས་རྒྱ་གར་ཡུལ་ནས་ཚུར་ལ་ལོག་ཅེས་པའང་མཚུངས་པར་སྣང་ངོ་། ། དེ་ལྟར་སྔོན་བྱུང་སྐུའི་ཕྲེང་བ་ཆ་ཙམ་དད་པའི་གསོས་སུ་གླེང་ནས། སྐབས་དོན་སྐུ་དངོས་འདི་ཉིད་ཀྱི་རྣམ་པར་ཐར་པ་མདོར་བསྡུས་པ་སྡེ་ཚན་ས་བཅད་དུ་མ་ཕྱེ་བར་ཆུ་བབས་སུ་བསྟན་པ་ནི། རྗེ་འདི་ཉིད་རྒྱལ་ཡུམ་དམ་པ་བསོད་ནམས་རྒྱལ་མོ་དེ་ཉིད་ཀྱི་ལྷུམས་སུ་ཞུགས་ནས་རེ་ཞིག་ན་ཡུམ་གྱི་མནལ་ལམ་དུ་མི་སྨུག་ནག་རལ་པའི་གསེབ་ཏུ་པོ་ཏི་བཅིངས་པ་ཞིག་གིས་ཡུམ་ཉིད་ནམ་མཁའི་དབྱིངས་མཐོན་པོར་བཏེག་ནས་ཅུང་ཟད་བཞད་ཉམས་དང་། སྐུ་མངའ་ནསགསུང་མི་ཆེ་ཙམ་ཞིག་ལྷང་གིས་བྱུང་བ།