[A:༢༩༥]དེ་ཚུལ་ཡབ་རྗེ་རིན་པོ་ཆེར་ཞུས་པར། ལོད་རྒྱུ་རང་མེད་དཔལ་མགོན་ཞལ་གྱི་ཆོ་འཕྲུལ་ཞིག་ཡིན་འདུག་པས་བསྐང་གསོ་གྱིས་ཕེབས་པ་ལྟར། ཞལ་གྱི་བསྐང་བ་གཙོ་བོར་བཏོན་པའི་བསྐང་གསོ་མཛད་པ་སོགས་གནས་སྐབས་འདི་ཉིད་ནས་བཟུང་རྡོ་རྗེའི་ཆོས་སྲུང་རྣམས་འབྲལ་མེད་དུ་འཁོར་བའི་དགེ་མཚན་དང་། རྒྱལ་ཡུམ་ཉིད་ཀྱང་སྐུ་ཁམས་དངས་ཤིང་ཕལ་ཆེར་ཏིང་ངེ་འཛིན་ལ་འབྱམས་པ་དང་བཅས། ཡབ་རྗེ་རིན་པོ་ཆེ་ཉིད་དགུང་གྲངས་སུམ་ཅུ་རྩ་ལྔར་ཕེབས་པ་གསེར་འཕྱངས་ཞེས་པ་མེ་བྱ་ལོའི་ཧོར་ཟླ་དང་པོ་འགྲོ་བའི་བླ་མས་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཡར་ཚེས་བཅུ་བཞི་རེས་གཟའ་ཕུར་བུའི་ཉིན་དཔལ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བལྟམས་པར། སྐུ་དབྱིབས་མཛེས་ཤིང་ཞལ་མདངས་གསལ་བ་སོགས་ལུས་ཅན་མཐའ་དག་ཡིད་འཕྲོག་པའི་ངོ་མཚར་དུ་བཞུགས། གསུང་མཁྱེན་ཙམ་ན་ལན་ཅིག་ཡུམ་གྱིས་ན་བཟའི་སྦུག་ཏུ་མནལ་བས་འོད་གསལ་གྱིས་གཟིགས་མོར། གཞན་གྱི་ལུས་ངག་གི་བྱ་བ་ཐམས་ཅད་མངོན་སུམ་ལྟར་གསན་གཟིགས་བྱུང་བ་མནལ་སད་ཚེ་གཞན་ལ་གསུངས་པས་ཀུན་ཡ་མཚན་པ་བྱུང་། འདི་ནས་བཟུང་སྟེ་ཆོས་ཐམས་ཅད་བདེན་མེད་སྒྱུ་མར་མཁྱེན་པའི་ཡེ་ཤེས་ཀྱང་ཐུགས་རྒྱུད་དུ་འབད་པ་མེད་པ་འཁྲུངས།