[A:༢༩༦]དེ་མཚམས་ཡབ་རྗེ་ཉིད་ནས་སྐུ་མཆེད་གསུམ་གའི་སློབ་དཔོན་གྱི་ཚུལ་དུ་བན་གཙང་དབུ་བྱེད་ཆེན་མོ་བསོད་ནམས་ལྷ་དབང་བསྐོ་གནང་མཛད་དེ་འདྲི་ཀློག་སོགས་ཀྱང་ཚགས་མེད་དུ་མཁྱེན་ཅིང་། ཡབ་ཆོས་ཡང་ཕུར་རྣམ་གཉིས་ནས་བཟུང་། བདེ་ཀྱཻ་སོགས་ཡི་དམ་ཆོས་སྲུང་ཕལ་ཆེ་བའི་སྒྲུབ་འཕྲིན་ཕྱག་བཞེས་ཀུན་ལ་བྱང་ཆུབ་པར་མཛད།
དགུང་ལོ་ལྔའི་བར་དུ་ཡབ་རྗེ་རིན་པོ་ཆེའི་དྲུང་དུ་ཚེ་དཔག་ལྷ་དགུ་དང་། རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་སོགས་ཆོས་བཀའ་འགའ་ཞིག་གསན། ཨེ་ཝཾ་ཆོས་ལྡན་ནས་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གདན་དྲངས་ཏེ་རྗེ་འདི་ཉིད་ཡབ་ཡུམ་ལྷན་ཅིག་པས། ཚེ་དཔག ཀུནརིག སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ནས་ཁ་ཤས་སོགས་དབང་ལུང་འགའ་ཞིག་གསན།
དགུང་ལོ་ལྔ་པ་འཕར་བ་ཞེས་པ་ལྕགས་གླང་ལོར་སྔགས་འཆང་ཆོས་ཀྱི་རྒྱལ་པོས་བཞེངས་པར་མཛད་པའི་ལྷ་ཁང་རྩེའི་ལམ་འབྲས་བླ་བརྒྱུད་མཇལ་བར་ཕེབས་པའི་ཚེ་སྐུ་འཁོར་རྣམས་ལ་ང་ཡར་ཐེག་ཅིག་དང་ཁྱོད་ཚོ་ལ་རྟེན་བཤད་གཏོང་ངོ་ཕེབས་པ་བཞིན་ཞབས་རིམ་པས་སྐུ་བཏེག་ནས་ད་གསུང་བར་ཞུ་ཞུས་པས་སྐུ་གཉེན་སོ་སོ་ལ་ཕྱག་མཛུབ་ཀྱིས་བརྡའ་སྦྱར་ནས། རྡོ་རྗེ་འཆང་། བདག་