[A:༢༩༧]མེད་མ། བིརྭ་པ། ཞེས་སོགས་སྔགས་འཆང་ཆེན་པོའི་བར་ཡོངས་རྫོགས་རིམ་པས་འདོམས་པར་མཛད་པས་ཐམས་ཅད་ཤིན་ཏུ་ངོ་མཚར་ཞིང་གསུང་ངག་ཟབ་མོའི་བཀའ་བབ་ལྟར་དུ་ཡིད་ཆེས་པ་བྱུང་། ཡང་དེ་སྐབས་གཞན་ཞིག་ཏུ་ས་པཎ་གྱི་རྣམ་ཐར་ཞལ་ཐང་ལའང་ཆོས་རྒྱལ་མ་ཞལ་འདོན་གནང་བ་དང་བསྟུན་སོ་སོར་ངོ་སྤྲོད་སྩལ་བ་སོགས་སྐུ་ན་ཤིན་ཏུ་ཕྲ་ཡང་མཁྱེན་རབ་ངོ་མཚར་བའི་རྣམ་ཐར་གསལ་བ་དང་། ཐུགས་ཟབ་ཅིང་སྒམ་ལ་དུལ་བ་དང་། མང་པོའི་ཚོགས་དབུས་སུ་གསུང་མི་རྟབ་པར་བག་ཡངས་ལྷོད་པོར་གནང་བ་སོགས་བློ་ཆེན་རྒན་པོའི་ངང་ཚུལ་འཆང་བས་ཐམས་ཅད་ཀྱིས་འདི་ནི་འཇིག་རྟེན་གྱི་ཨ་མེས་ཆེན་པོ་ཞིག་གོ་ཞེས་བསྒྲགས་པས་ཨ་མེས་ཞབས་སུ་གྲགས།
དགུང་ལོ་དྲུག་ཏུ་ཕེབས་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་གསར་དང་ཁད་ཉེར་ཡབ་རྗེ་སྐུ་མཆེད་བཀའ་བགྲོས་ཀྱིས་རྒྱལ་སྲས་དམ་པ་སྐུ་མཆེད་གསུམ་ག་ཁྲི་འདོན་གྱི་སྒོ་ཤར་བས། དུས་མདོས་ཆེན་མོ་ཡང་གཟབ་སྤྲོས་རྒྱས་པའི་ལུགས་སུ་གནང་། དེ་མུས་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གསུམ་གྱི་ཉིན་གཞིས་བྱེས་ཀྱིས་བླ་མ་གྲྭ་རིགས་ངུར་སྨྲིག་འཆང་བ་ཁྲི་ཕྲག་ཏུ་ཉེ་བ་དང་། དད་འདུས་མཆོག་དམན་གྱི་སྐྱེ་བོ་ཕོ་མོ་གཟབ་འཕྱོར་བཅས་ཀྱི་དབུས་ན་མཆོད་པའི་ཡོ་བྱད་དུ་མ་དང་ཞབས་རིམ་ཆས་གཟབ་མཚར་དུ་