R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༠༢
[A:༣༠༢]ལོར་ཡབ་སྲས་བཞི་ཆར་བྱས་འགྱུར་ཏུ་འཇམ་མགོན་དབང་པོའི་ཞབས་ཀྱི་སྤྱན་སྔར་ཕེབས། རྒྱལ་སྲས་རིན་པོ་ཆེ་སྐུ་མཆེད་གསུམ་ག་གཞི་བསྙེན་སྐུ་མཚམས་དམ་པར་གནང་། འཇམ་མགོན་སྐུ་མཆེད་གཉིས་ཀྱང་བསྙེན་རྒྱབ་ཀྱིས་ཚུལ་དུ་བཞུགས། དེ་སྐབས་རྗེ་འདིའི་མནལ་ལམ་དུ་གཟིམ་ཁང་གི་ངོས་ལ་འཇའ་འདྲ་བའི་ཁ་དོག་ཁྲ་ཆེམ་མེ་བ་ཡིད་དུ་འོང་བ་ཞིག་གི་ཁྲོད་ན། ཡི་དམ་གྱི་རིགས་མང་པོ་ཞིག་སྐུ་བརྙན་གསལ་རྒྱུ་རང་མེད་པ་དང་། རྗེ་བཙུན་རྡོ་རྗེ་བདག་མེད་མ་ཤིན་ཏུ་གསལ་བ་ཞིག་གཟིགས་པས་དེ་ནི་བདེ་བར་གཤེགས་པ་ཁྲི་ཆེན་དེ་ཉིད་ཀྱིས་དུས་མཆོད་ལ་བདག་མེད་མའི་སྒྲུབ་མཆོད་གསར་དུ་ཚུགས་པ་འདིའི་ལྟས་ཡིན་འདྲ་ཞེས་ཕྱིས་གསུངས་པ་དང་། ཡང་མནལ་ལྟས་སུ་ཛོ་ཀི་གཉིས་བྱུང་སྟེ་ངེད་ཀྱིས་ཁྱེད་ལ་གསེར་འགྱུར་གྱི་རྩི་འཆོས་ལུགས་འབུལ་ཟེར་བ་ལྟར་རྗེ་ཉིད་ནས་ཞིབ་པར་མཁྱེན་སྣང་ཞིག་བྱུང་བ་ནི་སྒྱུ་ལུས་ཀྱི་ལྕགས་ཁམས་ལ་རིམ་གཉིས་ཀྱི་རྩི་ཐེབས་པས་ཟུང་འཇུག་རྡོ་རྗེ་འཆང་གི་གསེར་ཁམས་འགྲུབ་པའི་བརྡའ་རྟགས་ངོ་མཚར་བ་དང་། གཞན་ཡང་སྔོན་དུས་རྫུ་འཕྲུལ་ཕུག་གི་གླད་དེ་ན་ཉིན་བཞིན་ཡོང་བའི་རྦབ་ལམ་ཞིག་ཡོད་ཕྱིས་འཇམ་མགོན་དབང་པོའི་ཞབསཀྱིས་སྒྲུབ་སྡེ་ཉམས་གསོ་མཛད་སྐབས་པུ་ཏྲ་ལ་བཀའ་བསྒོས་ཏེ་རེ་ཞིག་ནས་རྦབ་ལམ་ཆད་པ་ཡིན་ཀྱང་། དེ་སྐབས་རྗེ་