[A:༣༠༣]འདིའི་ཆེ་བ་སྟོན་བྱེད་ལྟར་དུ་གཟིམ་ཆུང་ཐེག་མཆོག་ཡང་རྩེར་མཛད་ཡོད་པའི་སྟེང་ལ། རྦབ་མི་ཚད་ཙམ་ཞིག་འུར་སྒྲ་དང་བཅས་ཕོག་པར། ཡབ་རྗེ་སོགས་ཀྱིས་གསན་པ་དང་ཐུགས་ཤིན་ཏུ་ཞེད་ནས་རྗེ་འདི་བཞུགས་སར་ཕེབས་པར། རྗེ་ཉིད་ཐུགས་གཡོ་མེད་དུ་བཞུགས་འདུག་པའི་སྐུ་ལ་ཉམས་ང་ལྟ་ཅི། གཟིམས་ཁང་གི་དྲལ་ལྕམ་ལ་ཡང་སྐྱོན་མ་དམིགས་པས་ཡབ་རྗེ་འཁོར་བཅས་ཐུགས་ངོ་མཚར་བ་མཛད་པ་སོགས་དྲོད་ཚད་ཅན་གྱིས་དུས་གྲངས་མཚན་མའི་བསྙེན་པ་ཁ་སྐོང་སྦྱིན་སྲེགས་དང་བཅས་གེགས་མེད་ཕུན་ཚོགས་སུ་གྲུབ་ནས་སླར་ཡང་གདན་སར་ཕེབས།
དགུང་ལོ་བཅུ་བཞིར་སོན་པ་ཐུན་མོང་ཞེས་པ་ལྕགས་ཁྱི་ལོར་ངེས་འབྱུང་གི་དགོངས་པ་བརྟན་པོ་ཐུགས་ལ་འཁྲུངས་ཏེ་ཐོག་མར་འཇམ་མགོན་ས་སྐྱ་པཎྜི་ཏར་བཞེད་དོན་གེགས་མེད་འགྲུབ་པའི་གསོལ་འདེབས་དངོས་གྲུབ་མཆོག་སྩོལ་ཞེས་པ་གསུང་རྩོམ་གྱི་ཐོག་མ་དེ་ཉིད་གནང་ནས་རིམ་གྱིས་ལོ་དེ་ཉིད་ཀྱི་ཟླ་བ་གསུམ་པའི་དཀར་ཕྱོག་ཚེས་དུས་ལེགས་པར་དཔལ་ས་སྐྱའི་དབུ་རྩེ་རྙིང་མའི་གཙུག་ལག་ཏུ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་སྐུ་གདུང་གི་དྲུང་། བདག་ཉིད་ཆེན་པོ་ས་པཎ་གྱིས་གཙུག་ཕུད་ཕུལ་བའི་སྟོན་པའི་སྐུ་བརྙན་གྱི་སྤྱན་སྔར། ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་མགོན་བྱམས་པ་དཔལ་ངག་དབང་བསོད་