R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༠༥
[A:༣༠༥]གཡོག་རྒྱལ་ཆེན་བཞི་བཅས་ཤིན་ཏུ་གསལ་བ་དང་། ས་སྐྱའི་ཤང་རི་གྲ་ཆུང་གོང་ཁར་གྲགས་པའི་རྩེ་མོར་རྗེ་བཙུན་བིརྭ་པའི་སྐུ་ཤིན་ཏུ་ཆེ་བ་ཕྱག་གཉིས་ཆོས་འཆད་ཅན་ཞབས་སྐྱིལ་ཀྲུང་གི་ཞབས་པུས་གཡས་པ་རིའི་ཕག་ཏུ་སོང་ནས་མི་མངོན་པ། འཇའ་སྔོན་པོའི་འོད་སྐོར་ལ་རྒྱབ་རྟེན་ནས་བཞུགས་པ་ཡང་གཟིགས་ཤིང་དེ་དང་མཐུན་པའི་སྐུ་སྟོད་འཕགས་མཆོག་མ་མཛད། དགུང་ལོ་བཅུ་དྲུག་པ་ཆུ་བྱི་ལོ་དང་བཅུ་བདུན་པ་ཆུ་གླང་ལོ་གཉིས་ཀར་དབུས་གཙང་དུ་སྡེ་འཁྲུག་ལངས་པས་ཆོས་རྒྱལ་ཆེན་པོ་གཡས་རུ་བྱང་པ། ཤར་ཁ་བ། རིན་སྤུངས་བ། རྩེ་ཆེན་པ་སོགས་དང་། དབུས་ནས་ཡང་རྒྱབ་དཔོན་ཆེན། མངའ་རིས་ནས་གུང་ཐང་རྒྱལ་པོའི་ཆབ་འོག་གི་རྒྱལ་ཕྲན་དུ་མ་སོགས་དམངས་འབེབས་དང་ཟིང་ལྷོང་ཆེ་བར་བྱུང་སྐབས། རྗེ་འདི་ཉིད་ནས་བསྟན་འགྲོའི་ཕན་བདེར་དགོངས་པའི་སྨོན་ལམ་དང་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་ལན་གྲངས་སྩལ་བས་ཆོས་རྒྱལ་རྒྱལ་ཕྲན་བཅས་རྣམས་ལ་ཡང་ཧ་ཅང་རྒྱ་མ་ཆེ་རུང་འཁུལ་ཚོད་ཀྱིས་ཆབ་འབངས་དུམ་བུ་དང་བཅས་ཞོད་འཇགས་བདེ་བར་བཞུགས་ཆོག་པར་བྱུང་བ་ཡང་རྗེ་འདིའི་སྐུ་དྲིན་དུ་ངེས། འདིི་སྐབས་གཅེན་སྒར་ཆེན་ཁམས་ཕྱོགས་སུ་ཕེབས། རྗེ་འདི་སྐུ་མཆེད་གཉིས་གན་པར་བདག་པོ་དགྲ་འདུལ་དྲུང་གི་སྤྱན་དྲངས་ངོར་ཕེབས་ཏེ་ཞལ་ངོ་རྣམས་ལ་