[A:༣༠༤]དབང་པོ་ལས་སོ་ཐར་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཚུལ་བཞིན་དུ་བཞེས་པར་མཛད་དོ། །དེར་འཇམ་མགོན་དབང་པོའི་ཞབས་ནས་ལེགས་སོའི་གནང་ཆར་རྟེན་གསུམ་དུ་མ་དང་མར་མེ་སྦར་བ་དུང་གཅིག གཞན་ཡང་ཟང་ཟིང་གི་དངོས་པོ་རྒྱ་ཆེན་པོ་རྣམས་གནང་ནས་དུང་དེ་བུས་ཤིག་ཕེབས་པར་དེ་བཞིན་མཛད་པས་སྐད་ཆེ་བར་ཐོན་པ་སོགས་རྟེན་འབྲེལ་དེ་རྣམས་ཀྱིས་བརྡའ་དོན་ནི་ཕྱིས་སུ་རྗེ་འདིའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་པའི་མཐུས་མཁས་བཙུན་བཟང་གསུམ་གྱི་གྲགས་སྙན་རྒྱ་མཚོའི་གོས་ཅན་ཁྱབ་པས་རིས་བྲལ་སྐྱེ་རྒུའི་བླ་མར་འགྱུར་བའི་དགེ་མཚན་དང་། སྔགས་འཆང་ཆེན་པོའི་སྐུ་གདུང་གི་དྲུང་དུ་རབ་བྱུང་མཛད་པ་ནི་སླར་གངས་ཅན་ཕན་བདེའི་རྩ་ལག་ཏུ་གོས་དཀར་ལྕང་ལོའི་བརྟུལ་ཞུགས་བཞེས་དགོས་ཀྱི་མཚན་མར་གསལ་ལོ། །
དེ་མཚམས་རེ་ཞིག་ནས་འཇམ་མགོན་དེ་ཉིད་དང་རྗེ་འདི་སྐུ་མཆེད་བཅས་ཁུ་དབོན་བཞི་གས་བདེ་མཆོག་ཕོ་བྲང་དུ་ཡབ་ཆོས་རྡོ་རྗེ་ཕུར་པའི་གསུང་བསྙེན་མཐར་ཕྱིན་གནང་། དེ་དུས་རྗེ་འདིའི་མནལ་ལམ་དུ་ལྷ་ཆེན་ལྕགས་རི་ལ་ཞབས་སྐོར་མཛད་ཅིང་འདུག་པར་ལྷོ་ལྕོག་གི་ཐད་མདུན་ཕེབས་སྐབས་ལྷ་ཁང་བླ་བྲང་གི་ངོས་ལ་འཇའ་འོད་ཀྱིས་དབུས་སུ་ཐུབ་དབང་གནས་བརྟན་གནས་