[A:༣༡༣]གཞན་སུ་ཡིན་གྱི་ཟིན་པ་མེད་པས། ཞབས་དྲུང་ནས་ས་སྐྱའི་བསྟན་པ་དང་། སེམས་ཅན་གྱི་དོན་ལ་ཁུར་ཆེན་པོ་བཞེས་ནས་དགོན་མ་བུ་འདི་རྣམས་ཞལ་བདག་གནང་ངོས་ལུགས་གཉིས་ཀྱི་སྐྱོང་དར་ཚུལ་བཞིན་དུ་མཛད་ན། བླ་མ་གོང་མའི་དགོངས་པའང་དེ་གས་རྫོགས། ང་རྒན་པོའི་བསམ་པའང་དེ་གས་འགྲུབ་ཅིང་། འདོད་ཆོས་འདྲ་དགོས་གསུངས་པ། སྤྱིར་ཡང་ཆོས་དོན་དུ་གཉེར་བ་འབྱུང་ན་རང་གི་གང་ཡོང་བྱེད་པའི་ལུགས་སུ་ཡོད་ཅིང་། ཁྱད་པར་ཁྱེད་དགུར་ལོ་བཅོ་བརྒྱད་པ་སྐུ་ན་ཕྲ་མོ་འདི་ལྟ་བུས་ངེད་རྒན་པོ་བསམ་ནས་འདི་ཕྱོགས་སུ་ཕེབས་པ་ནི་བཀའ་དྲིན་ཚད་མེད་པས་བརྐྱངས་པས་ཆོས་ངེད་རང་ལ་ཡོད་པ་རྣམས་འབུལ་གང་ཐུབ་རང་ཅིས་ཀྱང་ཞུ་ལགས་ཞེས་སོགས་དགྱེས་སྤྲོའི་གསུང་འཕྲོས་གནང་བའི་སྐབས་དེ་དག་ཏུའང་སྤྱན་རས་ཤངས་ཀྱི་རྩེ་མོར་གཟིམ་བུར་གཟིགས་ཤིང་། ཐུགས་དམ་ཏིང་ངེ་འཛིན་གྱི་རྒྱུན་ལ་ཡུག་རེ་འབྱམས་འགྲོ་བ་གཟིགས་པས་རྗེ་འདིའི་དགོངས་པ་ལ་སྙན་གྲགས་དང་མཐུན་པའི་བླ་མ་དམ་པ་འདི་ལྟ་བུ་དང་མཇལ་བ་རེ་ལེགས་དགོངས་པའི་དགྱེས་སྤྲོ་ཚད་མེད་པ་ཞིག་འཁྲུང་པར་གྱུར་ཏོ། །
དེ་ནས་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་དཀར་པོ་ནམ་གྲུའི་འགྲུབ་སྦྱོར་ཉིན་གླིང་ག་བདེ་བ་ཅན་གྱི་འདུས་ཚོགས་ལ་བླ་བྲང་དེ་ཉིད་ནས་མང་ཇ་ཟུང་འབྲེལ་ཞིག་གནང་བའི་སྔ་མའི་ཚེ་རྗེ་མུས་