R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༡༤
[A:༣༡༤]ཆེན་ཉིད་ཚོག་དབུར་ཕེབས་པར། རྗེ་ཉིད་ནས་བསྟན་འགྲོ་སྤྱི་བྱེ་བྲག་གི་ཕན་བདེ་ལ་དགོངས་པའི་གསུང་བསྔོ་རིན་པོ་ཆེ་ཞུ་རྟེན་འབུལ་ནོད་རྒྱ་ཆེན་དང་འདུས་ཚོགས་ལའང་དམ་རྫས་རིལ་བུས་གཙོས་པའི་འབུལ་འགྱེད་གྱ་ནོམ་པ་སྩལ། མུས་ཆེན་ཉིད་ནས་འདུས་ཚོགས་ལ་ངེད་ནས་ས་སྐྱ་ཞབས་དྲུང་འདི་བཞིན་སྤྱན་དྲངས་ཐུབ་པ་ཡིན་པས་མུས་ནང་གི་ལྷ་སྡེ་མི་སྡེ་ཀུན་ལ་ངེད་དྲིན་ཆེ་བ་ཡོད་ཅིང་། ད་ནི། འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ། །སྟོན་པ་གཞན་ལ་གུས་བྱེད་པ། །ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚའི་ཁྲོན་པ་བརྐོ་བ་ཡིན། །ཞེས་གསུངས་པ་ལྟར་ཡིན་པས་ཉི་མ་དེ་རིང་ནས་བཟུང་ཁྱེད་ལྷ་མི་ཀུན་གྱི་ཕྱག་དང་མཆོད་པ་འབུལ་ས། ལུགས་གཉིས་ཀྱི་བསླབ་བྱ་ཞུ་ས་སོགས་ཐམས་ཅད་ས་སྐྱ་ཞབས་དྲུང་ཁོ་ན་ལ་གྱིས་ཤིག་སོགས་དགྱེས་སྤྲོའི་བསླབ་བྱ་མང་དུ་སྩལ། དེ་ནས་མང་ཇ་རྗེས་མའི་ཐོག་རྗེ་དི་ཉིད་ཚོགས་དབུ་བཞུགས་ཁྲིར་ཕེབས་ཏེ། རྗེ་མུས་ཆེན་ཉིད་ནས་བཀྲ་ཤིས་ལྷའི་རེག་བྱ་དཀར་པོའི་ཚེས་དང་བཅས་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཕྱག་ནས་ཕྱག་ཏུ་ཕུལ་བས་མཚོན་ཟང་ཟིང་གི་འབུལ་ནོད་རྒྱ་ཆེན་པོ་དང་བཅས་མངའ་གསོལ་ཤིས་བརྗོད་ཀྱི་མེ་ཏོག་སིལ་མས་ཕྱོགས་ཀུན་བཀང། རྗེ་ཉིད་ནས་ཀྱང་ཡོན་བཤད་སྤྱི་འགྲེ་ལས་ཀྱང་ལྷག་ཏུ་གནས་དང་གནས་མིན་གྱི་དབྱེ་བ་སོགས་