R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༡༥
[A:༣༡༥]ལུང་རིགས་འཐད་ལྡན་གྱི་ལེགས་བཤད་གསར་པས་མདུན་བསུས་ཏེ་འཕགས་དང་སོ་སྐྱེའི་ཚོགས་ཀྱིས་བསོད་ནམས་སུ་བྱས་པ་མཐའ་དག་རྫོགས་བྱང་དུ་བསྔོ་བར་མཛད་པས་དེར་འདུས་ཐམས་ཅད་འཇམ་པའི་དབྱངས་ཀྱི་སྤྲུལ་པར་ཡིད་ཆེས་པ་བྱུང་། འདུས་ཚོགས་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་ཞིག་ཀྱང་སྩལ། དེ་ནས་ཀྱང་ཉིན་གསུམ་གྱི་རིང་ལ་བླ་བྲང་གི་ཕྱི་ནང་ཕྱག་རྫས་ཐམས་ཅད་རྩིས་འབུལ་ཞུས་ནས་གདན་ཚབ་ཏུ་མངའ་གསོལ་བ་བཞིན་བཞེས། སླར་ཡང་གླིང་ཁའི་དགེ་འདུན་ཚོགས་པ་རྣམས་ལ་རྡོ་རྗེ་ཕུར་པ་སྟོད་ལས་ཀྱི་དབང་དང་། དགྱེས་རྡོར་རྩ་རྒྱུད་བརྟག་པ་གཉིས་པའི་ལུང་སོགས་དབང་ལུང་ཚན་ཆེར་སྩལ། དེ་རྗེས་རིམ་གྱིས་རྗེ་འདི་ཉིད་ཀྱིས་མུས་ཆེན་འཁོར་ལོ་སྡོམ་པའི་དྲུང་ནས་དབང་བཀའ་རྣམ་གྲངས་བཅུ་བདུན་ཙམ་དང་། བསྐྱེད་རྫོགས་ཀྱི་ཁྲིད་རིམ་རྒྱས་པ་བཅུ་ལྷག་དང་། དེ་དག་གི་རྒྱབ་བརྟེན་ལུང་གི་རྣམ་གྲངས་ཤིན་ཏུ་མང་པོ་དང་མན་ངག་སྙན་བརྒྱུད་དུ་མ་སོགས་ཟབ་ཆོས་ཀྱི་རྒྱ་མཆོ་བཞེས་པར་མཛད་པའི་ཚེ་བདེ་མཆོག་གི་དབང་གསན་པའི་ནུབ་མོ་མནལ་ལམ་དུ་རྗེ་ཉིད་སྐྱེད་མོའི་ཚལ་ཞིག་ན་བཞུགས་འདུག་པར། དེ་མ་ཐག་ས་སྐྱའི་ལྷ་ཁང་ཆེན་མོའི་ཤར་ཕྱོགས་སེང་ལྡེང་སྒོ་ཁྲའི་ཐད་དེར་བླ་མ་གོང་མའི་ཕྱག་དྲིལ་དྲིལ་སྨྱོན་དུ་གྲགས་པ་དེ་དཀྲོལ་བས་དེའི་སྐད་ཀྱིས་ལྷ་ཁང་ཆེན་མོ་